Svoboda | Graniru | BBC Russia | Golosameriki | Facebook
Jump to content

ཚངས་ཁ་རིན་པོ་ཆེ་ནོར་བུ་དབང་ཕྱུག། Ι Tshangkha Rimpoche Norbu Wangchuk

Wikipedia ལས།

ངོ་སྤྲོད།

[ཞུན་དག།]
ཚངས་ཁ་རིན་པོ་ཆེ་ནོར་བུ་དབང་ཕྱུག། པར་བཏབ་མི་ ཚེ་རིང་རྡོ་རྗེ།

སྨན་ལྗོངས་འབྲུག་གི་རྒྱལ་ཁབ་འདི་ནང་ བསྟན་འགྲོའི་དོན་ལུ་བསམ་བཞིན་སྐུ་ཡི་སྲིད་པ་བཟུང་མི་ སྐྱེས་ཆེན་དམ་པ་ལེ་ཤ་ཅིག་བྱོན་ཏེ་ཡོད་མིའི་གྲས་ལས་ གཅིག་ཚངས་ཁ་རིན་པོ་ཆེ་ནོར་བུ་དབང་ཕྱུག་ མཚན་གཞན་ པདྨ་རྣམ་རྒྱལ་ཟེར་ཞུ་མི་འདི་ཨིན། རིན་པོ་ཆེ་མཆོག་གིས་ སྐུ་ཚེ་གཅིག་གི་རིང་ བསྟན་པ་དང་འགྲོ་བའི་དོན་ལུ་ ཕྱག་ལཱ་བསམ་གྱིས་མ་ཁྱབ་ཅིག་མཛད་དེ་ཡོད་པའི་རྣམ་ཐར་ རྒྱ་མཚོ་བཟུམ་ཅིག་གི་ནང་ལས་ དད་པའི་ཀུ་ཤའི་རྩེ་མོ་གིས་བླངས་ཏེ་ མདོར་བསྡུས་ཅིག་བྲི་ནི་ཨིན།

རིན་པོ་ཆེའི་སྐོར།

[ཞུན་དག།]

དེ་ཡང་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚུ་ སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་དབང་གིས་ དག་དང་མ་དག་པའི་སྐུའི་སྐྱེ་བ་སྣ་ཚོགས་བཞེས་དོ་བཟུམ་སྦེ་ ཚངས་ཁ་རིན་པོ་ཆེ་མཆོག་ཡང་ སྐུ་ཡི་སྐྱེ་བ་མ་འདྲཝ་ལེ་ཤ་བཞེས་ཡོད་པའི་གྲས་ལས་ བོད་གངས་ཅན་གྱི་ལྗོངས་ལུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ རྒྱལ་བ་བློ་བཟང་རྒྱ་མཚོའི་རྩ་བའི་བླ་མ་ གཏེར་སྟོན་ཉི་མ་གྲགས་པ་ (༡༦༤༧-༡༧༡༠) དང་། དེ་གི་ཤུལ་མ་ ཚངས་ཁ་ལུ་རྩིས་པའི་སློབ་དཔོན་མགོ་ལེགས་ དེ་ལས་ མང་སྡེ་སྐྱིད་ལ་ལས་སྐུ་འཁྲུངས་མི་ སློབ་དཔོན་འགངས་ཆེན་(སྐྱབས་རྗེ་བྱང་ཆུབ་བརྩོན་འགྲུས་ཀྱི་རྣམ་ཐར་མཛད་མི་དེ་ཨིན་) ལ་སོགས་པའི་སྐུ་ཡི་སྐྱེ་བ་བཞེས་ཏེ་ འགྲོ་དོན་བསྐྱངས་པའི་མཐའ་མར་ ཡུལ་ལུ་དགེ་བཅུ་ཚང་བའི་མང་སྡེ་ཚངས་ཁའི་གཡུས་ཚན་ལས་ རང་བཞིན་གྱིས་གཤིས་ཁ་བཟང་པའི་ཡབ་དངོས་གྲུབ་རྡོ་རྗེ་དང་ ཡུམ་མཚན་ལྡན་རྡོ་རྗེ་ལྷ་སྒྲོན་གཉིས་ལུ་ སྲས་སྲོས་ལྔ་ཡོད་པའི་རྒན་ཤོས་སྦེ་ དུས་རབས་ཉི་ཤུ་པ་རབ་བྱུང་ ༡༥ པའི་གནམ་ལོ་མེ་སྦྲུལ་ སྤྱི་ལོ་ ༡༩༡༧ ལུ་ངོ་མཚར་བའི་ལྟས་དང་བཅསཔ་སྦེ་སྐུ་འཁྲུངས་ནུག།

ཤེས་ཡོན།

[ཞུན་དག།]

དགུང་ལོ་བརྒྱད་ལས་བཅོ་བརྒྱད་ གནམ་ལོ་ཤིང་བྱི་ སྤྱི་ལོ་ ༡༩༢༤ ལས་ གནམ་ལོ་ཤིང་ཁྱི་ སྤྱི་ལོ་ ༡༩༣༤ གི་བར་མང་སྡེ་སྟངས་སི་སྦིས་དུང་སྦིས་དགོན་པ་ལུ་ སློབ་དཔོན་ཚེ་དབང་རྒྱ་མཚོའམ་ མཚན་གཞན་ཤཱཀྱ་འོད་ཟེར་ཟེར་ཞུ་མི་དེ་ལས་ ཡི་གུའི་གཞི་མ་ཀ་ཁ་ལས་འགོ་བཙུགས་ འཕྲལ་ལུ་ཉེ་བར་མཁོ་བའི་འདོན་ཆ་དང་ རྩིས་སྐར་ནག་ལུ་མཁས་པར་སྦྱངས། དེའི་སྐབས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ བསྙེན་སྒྲུབ་ཞག་བདུན་མཛདཔ་ད་ འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་ནུག། དེའི་སྐབས་ ཤིང་བཟོ་དང་ལྷ་བྲིས་ལུ་ཡང་མཁས་པ་ཐོན་སོཔ་ལས་ རིན་པོ་ཆེ་ཁོ་རའི་གཟིམས་ཅུང་ཅིག་ཡང་ གསར་བཞེངས་གནང་ནུག། དགུང་ལོ་བཅོ་བརྒྱད་བཞེསཔ་ད་ མི་དབང་འབྲུག་རྒྱལ་གཉིས་པའི་ཞབས་སར་ དྲུང་ཡིག་གི་ཕྱག་འགན་བཞེས་ཏེ་ རྩིས་དང་རིག་གནས་ དེ་ལས་སྤར་བརྐོ་ནི་དང་ གར་འཆམ་སློབ་སྟོན་མཛད་ནི་ལ་སོགས་པའི་ཕྱག་ལཱ་ཚུ་མཛད་དེ་ ལོ་ངོ་གཉིས་ཀྱི་རིང་བཞུགས་པའི་ཤུལ་ལུ་ རྒྱལ་པོའི་ཞབས་ས་ལས་ བུམ་ཐང་ཐར་པ་གླིང་ལུ་ ཞུས་དག་པ་བསྟན་པ་རིན་ཆེན་གྱི་སྐུ་མདུན་ལུ་ གཞུང་རིག་གནས་སྦྱང་པར་བཏངམ་བཞིན་དུ་ དེ་ནང་བྱོན་ཏེ་ ངག་སྒྲོན་དང་སྙན་ངག་སུམ་རྟགས་ལ་སོགས་པའི་རིག་གནས་དང་ སྤྱོད་འཇུག་ལ་སོགས་པའི་གཞུང་ལུ་ མཁས་པར་སྦྱངས་ཏེ་བཞུགས་པའི་སྐབས་སུ་ སློབ་ཤཱཀྱ་རྡོ་རྗེ་ལས་ཞི་ཁྲོའི་ཐིག་ཚད་ཡོངས་རྫོགས་དང་ སློབ་སངས་རྒྱས་ཕུན་ཚོགས་ཀྱི་ཞབས་ལས་ དཀར་བརྒྱུད་དཀྱིལ་འཁོར་གྱི་ཐིག་ཚད་གསན་ཏེ་ མཐིལ་ཕྱིནམ་སྦེ་སྦྱང་བ་གནང་ནུག། དེ་གི་ཤུལ་ལས་ ཉི་མ་ལུང་གི་གྲྭ་ཚང་ནང་དགེ་བཤེས་པདྨའི་ཞབས་ལས་ སྤྱོད་འཇུག་ དབུ་མ་དང་ཤེར་ཕྱིན་ མཛོད་དང་རྒྱུད་བླ་མ་ལ་སོགས་པའི་གཞུང་ཚུ་གསན་པའི་ཁར་ ལོ་ངོ་གསུམ་དེ་ཅིག་གི་རིང་ དེ་ནང་གི་སྐྱོར་དཔོན་མཛད་དེ་བཞུགས་ནུག།

དགུང་ལོ་སུམ་ཅུ་སོ་བཞི་བཞེས་པའི་ གནམ་ལོ་ལྕགས་སྟག་ སྤྱི་ལོ་ ༡༩༣༤ ལུ་ ཧེ་མ་དགེ་བཤེས་བསྟན་པ་རིན་ཆེན་མཆོག་གི་བཀའ་སློབ་ཞལ་ཆེམས་ལྟར་དུ་ བོད་ལུ་བྱོན་ཞིན་ན་ སྐྱབས་རྗེ་རྭ་ཧོར་ཆོས་ཀྱི་གྲགས་པ་དང་མཇལ་ཏེ་ ལོ་ངོ་བརྒྱད་དང་ཟླཝ་བརྒྱད་ཀྱི་རིང་ མཉེས་པ་གསུམ་གྱི་སྒོ་ལས་ཞབས་ཏོག་བསྙེན་བཀུར་ཞུ་ཞིན་ན་ མདོ་སྔགས་ཀྱི་ཆོས་སྤྱི་དང་ལྷག་པར་དུ་ རྫོགས་ཆེན་གྱི་གདམས་པ་ཚུ་བུམ་པ་གང་བྱོའི་ཚུལ་ལུ་བཞེསཔ་མ་ཚད་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལ་སོགས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ མང་རབས་ཅིག་བསྟེན་ཞིན་ན་ རིན་ཆེན་གཏེར་མཛོད་དང་ ཀློང་ཆེན་མཛོད་བདུན་ལ་སོགས་པའི་བཀའ་ཆོས་ཚུ་གསན་གནང་ནུག།

གནམ་ལོ་ས་ཕག་ སྤྱི་ལོ་ ༡༩༥༩ ལུ་ དགུང་ལོ་ཞེ་གསུམ་བཞེསཔ་ད་ བོད་རྒྱལ་ཁབ་ཀྱི་རང་དབང་རྒྱ་ནག་ལུ་ཤོར་སོཔ་ལས་ དེའི་རྐྱེན་གྱིས་ བླ་ཆེན་ཚུ་རྒྱལ་ཁབ་སྤངས་ཏེ་བྱོན་པའི་དུས་ལུ་ རིན་པོ་ཆེ་མཆོག་ཡང་ འབྲུག་ལུ་ལོག་བྱོན་ཏེ་ བཀྲ་ཤིས་སྒང་ལུ་ཟླཝ་དྲུག་གི་རིང་ བཙོན་པའི་མིང་བཏགས་ཞིན་ན་ དོན་ལུ་བློ་གསལ་ན་གཞོན་ཚུ་ལུ་ ངག་སྒྲོན་དང་སུམ་རྟགས་ སྙན་ངག་ཚུ་སློབ་སྟོན་གནང་བའི་ཁར་ བཛྲ་གུ་རུའི་ཕན་ཡོན་ཚུ་པར་བརྐོ་ཞིན་ན་ རྒྱལ་ཁབ་ཀྱི་ལུང་ཕྱོགས་སོ་སོ་ལས་ཕར་བཀྲམ་སྤེལ་མཛད་གནང་ནུག།

དེ་ལས་ཡོན་ཕུ་ལ་ལུ་ལོ་ངོ་གཅིག་གི་རིང་ སྒྲུབ་པ་མཛད་པའི་ཤུལ་ལུ་ རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་གྱི་བཀའ་བཞིན་ན་ ཤར་ཕྱོགས་དགྲ་མེད་རྩེ་ལུ་ ངག་སྒྲོན་དང་རྩིས་ཚུ་སློབ་སྟོན་གནངམ་ལ་སོགས་པའི་སློབ་སྟོན་གྱི་ཕྱག་འགན་ བཞེས་གནང་པའི་རྗེས་སུ་གནམ་ལོ་མེ་ལུག་ སྤྱི་ལོ་༡༩༦༧ ལས་གནམ་ལོ་ཆུ་བྱི་ སྤྱི་ལོ་ ༡༩༧༢ ཚུན་ལོ་ངོ་དྲུག་གི་རིང་ སེམས་རྟོགས་ཁ་རིག་གཞུང་སློབ་གྲྭའི་དབུ་འཛིན་གསུམ་པའི་ཕྱག་འགན་བཞེས་ཏེ་ གཞུང་རིག་གནས་ཀྱི་ཆོས་འཁོར་བསྐོར་གནང་ནུག།

དེ་ལས་དགུང་ལོ་ལྔ་བཅུ་ང་དྲུག་ལུ་ དབུ་འཛིན་ལས་དགོངས་ཞུ་མཛད་དེ་ ཤར་བདེ་ཆེན་ཆོས་གླིང་དགོན་པ་ལུ་ ལོ་ངོ་གཅིག་གི་རིང་སྐུ་མཚམས་ལུ་བཞུགས་པའི་ཤུལ་ལུ་ འཁྲུངས་གཡུས་ཚངས་ཁ་ལུ་བྱོན་ཏེ་ མཚམས་ཁང་གསར་སྒྲུབ་མཛད་སྦེ་ ལོ་གསུམ་ལན་ཐེངས་གཉིས་ཀྱི་རིང་གནང་ནུག།

མཇུག་སྡུད།

[ཞུན་དག།]

གནམ་ལོ་ས་སྦྲུལ་ སྤྱི་ལོ་ ༡༩༨༩ ལུ་ཚངས་ཁའི་བཤད་གྲྭ་གསར་བཙུགས་མཛད་དེ་ རྒྱལ་ཁབ་ཀྱི་བསྟན་སྲིད་ལུ་ཕན་པའི་སློབ་མ་ཡང་ གཞུང་གྲྭ་ཚང་གི་ཡོན་ཏན་སློབ་དཔོན་ སྐུ་བགྲེས་རྟ་མགྲིན་ཚེ་དབང་དང་། སྤང་རི་ཟམ་གདོང་གཞུང་རྩིས་མཐོ་རིམ་སློབ་གྲྭའི་དབུ་འཛིན་ སྐུ་བགྲེས་ སློབ་ཨོ་རྒྱན་ལ། དེ་ལས་ ཁྲིམས་དོན་མདོ་ཆེན་བགྲེསཔ་བླམ་ཆོས་སྐྱོང་དང་ མཁན་པོ་བློ་བཟང་ཆོས་འཕེལ། གཞན་ཡང་ མཁན་ཆེན་ཚེ་དབང་བསོད་ནམས་དང་ དྲགོས་སངས་རྒྱས་རྡོ་རྗེ། སློབ་དཔོན་ཀུན་བཟང་ཕྲིན་ལས་ལ་སོགས་པའི་ མཁས་གྲུབ་ཀྱི་དཔེ་སྦེ་བཞག་མི་གྱངས་ཀྱིས་མ་ཆོདཔ་སྦེ་བྱོན་ཏེ་ཡོདཔ་ཨིན་པས།

གཞན་ཡང་ ཕྱི་རབས་ཀྱི་བསྟན་འཛིན་ཚུ་གི་དོན་ལུ་དགོངས་ཏེ་ གསུང་རྩོམ་གྱི་རིགས་ཡང་ རིག་གནས་ཀྱི་སྐོར། གཞུང་གི་སྐོར། གཞུང་འཐོར་བུའི་སྐོར། ཟློས་གར་གྱི་སྐོར། བཟོ་རིག་གི་སྐོར། ཡིག་འགྲུལ་སྣ་ཚོགས་ཀྱི་སྐོར། མཐོང་བ་བརྒྱུད་པའི་ལག་ལེན་གྱི་སྐོར། སྨོན་ལམ་གྱི་སྐོར། ཚོགས་གླུ་དང་གཏམ་ཚོགས་ཀྱི་སྐོར། བསྟོད་ཚོགས་ཀྱི་སྐོར། ཆོ་གའི་གསོལ་ཁ་དང་གསོལ་མཆོད་ཀྱི་སྐོར། རང་རྣམ། གདམས་ངག་དང་མན་ངག་གི་སྐོར། རྩིས་རིགས་ཀྱི་སྐོར་བཅས་ དཔེ་ཆ་པོ་ཏི་དགུ་དེ་ཅིག་ གསར་རྩོམ་མཛད་གནང་ཡོདཔ་དང་། དེ་ཚུ་གི་གྲས་ལས་ ཀུན་མཁྱེན་འབྲུག་པ་ཡབ་སྲས་ཀྱི་དགོངས་བཞེད་ཐུན་མོང་མ་ཡིན་པ་ རྩིས་སྐར་ནག་གི་དཔེ་ཆ་ཚུ་ རྒྱལ་ཁབ་གཞན་དང་མཁས་པ་གཞན་ལུ་ངོམས་ཆོགཔ་སྦེ་ཡོད་མི་འདི་ ཚངས་ཁ་རིན་པོ་ཆེ་ཁོང་གི་སྐུ་དྲིན་ཨིན་པས།

དེ་སྦེ་སྐུ་ཚེ་གཅིག་གི་རིང་བསྟན་པ་དང་འགྲོ་བའི་དོན་མཛད་དེ་ དགུང་ལོ་ ༧༥ བཞེས་པའི་ རབ་བྱུང་ ༡༧ པའི་གནམ་ལོ་ལྕགས་ལུག་ སྤྱི་ལོ་ ༡༩༩༡ རང་ཟླ་བཞི་པའི་ཚེས་ ༡༥ ལུ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་སྦེ་ གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་གནང་ནུག་གོ།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

[ཞུན་དག།]

༡༽   ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (གནམ་ལོ་མེད། ༢༠༡༥) ཚང་ཁ་རིན་པོ་ཆེའི་རང་རྣམ་དབྱར་གྱི་རྔ་སྒྲ། འབྲུག། ཐིམ་ཕུག།

༢༽   སློབ་པདྨ་དོན་གྲུབ། (གནམ་ལོ་མེད། སྤྱི་ལོ་ ༢༠༢༣) སྐྱེས་ཆེན་དམ་པ་བླ་མ་ནོར་བུ་དབང་ཕྱུག་གི་མཛད་རྣམ་སྐལ་བཟང་རྣ་བའི་བདུད་རྩི། འབྲུག། ཐིམ་ཕུག།

༣༽   སློབ་པདྨ་དོན་གྲུབ། ངོ་རྐྱང་འབྲེལ་བ། (སྤྱི་ལོ་ ༢༠༢༣ སྤྱི་ཟླ  ༡༠པའི་ཚེས་ ༡༩)

༤༽ ཚང་ཁ་རིན་པོ་ཆེ་ནོར་བུ་དབང་ཕྱུག་གིས་གསུང་རྩོམ།