Svoboda | Graniru | BBC Russia | Golosameriki | Facebook
Jump to content

མཐུན་པ་སྤུན་བཞི། Ι Thuenpa Puenzhi

Wikipedia ལས།

ངོ་སྤྲོད།[ཞུན་དག།]

ལོ་ཆོག་རྟག་ཏུ་ལེགས་ནི་དང་། ཆར་ཆུ་དུས་སུ་འབབ་ནི། ཚེ་དང་བསོད་ནམས་གོང་ནས་གོང་དུ་འཕེལ་ཏེ་ དཔེར་ན་ཡར་ངོའི་ཟླ་བ་བཟུམ་སྦེ་འཕེལ་བའི་རྒྱུ་ལེ་ཤ་ཡོད་པའི་གྲལ་ལས། གཅིག་འདི་མི་རྒན་གཞོན་བར་གསུམ། ཡང་ན་གོང་འོག་གི་བར་ན་བྱམས་སྐྱོང་དང་གུས་ཞབས། ཆ་རོགས་གཅིག་གི་གཅིག་ལུ་ཕན་ཚུན་མཐུན་འབྲེལ་ཡོད་མི་འདི་ཨིན། དེ་ཡང་མཐུན་པ་སྤུན་བཞི་བཟུམ་ལུ་སླབ་ཨིནམ་ལས། མཐུན་པ་ནི། བློ་སེམས་གཅིག་ཏུ་མཐུན་པའི་ཆ་རོགས་དང་། སྤུན་བཞི་ནི། བྱ་གོང་མ་སྲེག། རི་བོང་། སྤྱ། གླངམ་ཆེ། ཁོངས་བཞི་ལུ་སྤུན་བཞི་ཟེར་སླབ་ཨིན།

མཐུན་པ་སྤུན་བཞི།[ཞུན་དག།]

མཐུན་པ་སྤུན་བཞི།

དེ་ཡང་ བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མཆོག་ སངས་མ་རྒྱས་པའི་ཧེ་མ་བསྐལ་པ་གྲངས་མེད་གསུམ་ལུ་ ཚོགས་དཔག་ཏུ་མེད་པ་དག་པའི་སྐྱེ་བ་ལྔ་བརྒྱ་དང་། མ་དག་པའི་སྐྱེ་བ་ལྔ་བརྒྱ་ལེན་ཏེ་ འགྲོ་བ་རིགས་དྲུག་གི་གནས་ནང་ལུ་ འགྲོ་དོན་མཛད་བཞུགས་ད་ལུ། མ་དག་པའི་སྐྱེ་བ་བྱ་གོང་མ་སྲེག་སྦེ་ སྐྱེ་བ་བཞེས་ཏེ་བཞུགས་པའི་སྐབས་སུ་ བྱུང་ཡོད་པའི་དངོས་སྲུང་ངོ་མ་ཞིག་ཨིན། ཁོན་ཐར་འཚོ(གནམ་ལོ་མེད་སྤྱི་ལོ་༢༠༡༣ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ངོ་མཚར་སྙེ་མ། ཡལ་འདབ་བརྒྱད་ཅུ་གྱ་དྲུག་ལས་) ཧེ་མ་དྲང་སྲོང་ལྷུང་བ་ཞེས་བྱ་བའི་གཡུས་ཚན་འདི་ནང་ལུ། ས་སྐྱོང་ཚངས་བྱིན་ཞེས་བྱ་བའི་མཚན་ཅན་ཞིག་བཞུགས་ནུག། གཡུས་ཚན་དེ་ཤར་ལྷོ་མཚམས་ནང་ལས་ཉམས་དགའ་བའི་ལྗོན་ཤིང་དང་། མེ་ཏོག་རྣམ་པ་སྣ་ཚོགས་བཞད་དེ་ཡོདཔ་ལས། ས་གནས་འདི་ནང་ལུ་ ལེགས་པ་དང་ཉེས་པ་སྐྱོན་ཡོན་ཐམས་ཅད་སོ་སོར་ཤེས་ཚུགས་པའི་ དྲང་སྲོང་མཁས་པ་ཞིག་བཞུགས་ནུག།

ལྗོངས་འདི་གི་དབུས་སུ་ ཤིང་ཕྱོ་གྲོ་ལྗོན་པ་ཟེར་འོ་ལྡེམ་ལྡེམ་སྦེ་ཡོདཔ་ཨིན་མས། དེ་ལས་སྲོག་ཆགས་གོང་མ་སྲེག། རི་བོང་། སྤྱ། གླང་ཆེན་བཅས་ ཁོང་བཞི་ཡང་གནས་འདི་ཁར་ ཕན་ཚུན་གཅིག་གིས་གཅིག་ལུ་གུས་བཀུར་དང་དག་སྣང་ བྱམས་སྐྱོང་ལ་སོགས་པ་འཇིག་རྟེན་ག་ར་ལུ་ མིག་དཔེར་འོས་པའི་བཟང་པོའི་ལམ་ལུ་ ལོངས་སྤྱོད་དེ་སྡོད་པའི་སྐབས་སུ། ཁོང་བཞི་ ལོ་ན་རྒས་གཞོན་གྱི་རིམ་པ་བརྟག་དཔྱད་འབད་ནིའི་དོན་ལུ་ ཤིང་ཕྱོ་གྲོ་ལྗོན་པ་ འདི་གི་རྩ་བར་འགྱོ་ཞིནམ་ལས་ དང་པ་གླང་པོ་ཆེ་གིས། དང་པ་ང་གིས་མཐོང་བའི་སྐབས་སུ་ང་གི་ཤིང་དེ་ ལུས་ཚད་དང་ཉམས་པ་སྦེ་མཐོང་ཡི་ཟེར་སླབ་ནུག། གཉིས་པ་སྤྱ་གིས། ང་གི་དང་པ་མཐོང་བའི་སྐབས་སུ་ཤིང་དེ་ ང་གི་ལུས་ཚད་དང་མཉམ་པ་སྦེ་མཐོང་ཡི་ཟེར་སླབ་ནུག། གསུམ་པ་རི་བོང་གིས། ང་གིས་མཐོང་བའི་སྐབས་ལུ་ ཤིང་དེ་ལྕུག་གུ་སྦེ་དེ་གི་ ལོ་མ་གསར་པ་གུ་ཆགས་འདི་ཡོད་པའི་ཆུའི་ཟིལ་པ་ལྕེ་བལྡགས་ཡི་ཟེར་སླབ་ནུག། བཞི་པ་བྱ་གོང་མ་སྲེག་གིས། ཤིང་དེ་གི་ས་བོན་ར་ང་གི་བཟོས་ཡོད་པའི་ཨ་ཝ་ལས་ སྐྱེས་སྐྱེཝ་ཨིན་ཟེར་སླབ་ད་ལུ་ ཁོང་བཞི་གི་རྒན་གཞོན་གྱི་གོ་རིམ་ཧ་གོ་ནས་ ཧེ་མ་ལས་ལྷག་པའི་ཕན་ཚུན་གུས་བཀུར་དང་ ཐ་ན་ཕར་ཚུར་འགྱོ་བའི་སྐབས་སུ་འབད་རུང་། གླངམ་ཆེ་གུར་སྤྱ། སྤྱ་གུར་རི་བོང་། རི་བོང་གུར་བྱ་གོང་མ་སྲེག་ རྒན་གཞོན་གྱི་རིམ་པ་སྦེ་འགྱོཝ་ད་ལུ་ ཁོང་བཞི་གི་བརྩེ་གདུང་དང་ལེགས་པའི་བྱ་བ་ལུ་བལྟ་སྟེ་ འགྲོ་བ་མི་འདི་ཚུ་ཡང་ ག་ར་ངལ་རངས་དང་ཡིད་ཆེས་བསྐྱེད་སྡོད་ནུག། སྤྱོད་ལམ་དེ་ལུ་བརྟེན་ནས་གཡུས་ཚན་དེ་ནང་ལུ་ཆར་ཆུ་དུས་འབབ། ལོ་ཕྱུགས་རྟག་ཏུ་ལེགས། བཀྲ་ཤིས་པའི་དགེ་ཚན་བསམ་གྱི་མི་ཁྱབ་པ་བྱུང་ནུག། དེ་ལས་ཚུར་ ད་ལྟོ་ཚུན་ཚོད་ཀྱི་བར་ནང་ལུ་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ ས་སྒོ་ག་སྟེ་ལུ་ཡང་མཐུན་པ་སྤུན་བཞི་གི་དཔར་ བྲིས་འདི་ཡོདཔ་མི་འདི་བཀྲ་ཤིས་པའི་དགེ་ཚན་འབྱུང་ནི་གི་རྟེན་འབྲེལ་ལུ་ དམིགས་སྟེ་བྲིཝ་ཨིན་མས།

མཐུན་པ་སྤུན་བཞི་གི་ལོ་རྒྱུས་འདི་ དང་པ་ར་ཡུལ་ཝཱ་ར་ཎ་སི་ལུ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ བྱ་གོང་མ་སྲེག་གི་སྐྱེ་བ་བཞེས་བཞུགསཔ་ལུ་བྱུང་ཡོདཔ་ལས། དེ་ལུ་བརྟེན་ཏེ་ གཡུས་ཚན་འདི་ནང་གི་ལུང་གཤོང་ག་སྟེ་ལུ་ཡང་ བྱ་དང་འགྲོ་བ་སེམས་ཅན་ཡོད་ཚད་ཕན་ཚུན་གཅིག་གིས་གཅིག་ལུ་གནོད་པའི་ལཱ་དང་བྱ་བ་ངན་པ་ཐམས་ཅད་སྤངས་ཏེ་ གཅིག་གིས་སླབ་གཅིག་གི་ཉན་ཏེ་ དགའ་ཏོག་ཏོ་དང་སྐྱིད་ཏོག་ཏོ་སྦེ་བྱུང་ཡོདཔ་ལས་ ང་བཅས་ག་ར་འབད་རུང་ ཁོངས་སྤུན་བཞི་བཟུམ་སྦེ་སྡོད་ཚུགས་བ་ཅིན། དེའི་བསོད་ནམས་ཀྱི་མཐུ་ལས་ འཛམ་གླིང་རྒྱལ་ཁབ་ག་སྟེ་ལུ་ཡང་ དགའ་བའི་ཉི་མ་ཤར་ནི་ཨིན་མས་ཟེར་ཞུ་ནི་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།[ཞུན་དག།]

༡༽   ཁོན་ཐར་འཚོ། ༢༠༡༣ རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ངོ་མཚར་སྙེ་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།