Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལྕམ་ནན་སི་ཕེ་ལོ་སིས་རྒྱ་ནག་གི་ཉེས་ཆད་དེ་ཁོ་མོར་མཚོན་ན་ཁྱད་པར་གང་ཡང་མེད་ཅེས་བརྗོད། 


ཨ་མེ་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་མཆོག་གིས་སྤྱི་ཟླ་༨པའི་ཚེས་༡༠སྟེ་རེས་གཟའ་ལྷག་པའི་ཉིན་གྱི་གསར་འགོད་གསལ་བསྒྲགས་སྐབས་སུ། ཁོང་ཐེ་ཝན་ནང་འཚམས་གཟིགས་སུ་ཕེབས་པར་ཁུངས་སྐྱེལ་དག་འབུད་ཀྱིས་དེ་ནི་ཨ་མེ་རི་ཀས་ཐེ་ཝན་ཐོག་འཛིན་པའི་སྲིད་ཇུས་དང་ལངས་ཕྱོགས་སོགས་དང་རྒྱབ་འགལ་བྱས་མེད། ཨ་མེ་རི་ཀས་རྒྱ་ནག་གི་དམག་གིས་ཐེ་ཝན་ལ་སྡིགས་ར་སྐུལ་བའི་བྱེད་སྟངས་དེ་རྒྱུན་ལྡན་ཅན་ཞིག་ཏུ་ཆགས་བཅུག་གི་མིན། རྒྱ་ནག་གིས་ལྕམ་ནན་སི་ཕེ་ལོ་སི་དང་ཁོང་གི་ནང་མི་བཅས་ལ་ཉེས་ཆད་བཅད་ཡོད་པའི་སྐོར་ལ་བཀའ་འདྲི་ཞུས་དུས། ཁོང་གིས་རྒྱ་ནག་གིས་ཉེས་ཆད་ག་རེ་གཅོད་མིན་དེ་ང་ལ་མཚོན་ན་ཁྱད་པར་གང་ཡང་མེད། རྒྱ་ནག་གིས་ག་རེ་བྱས་ནའང་བྱེད་དུ་བཅུག སུས་དེ་ལ་དོ་སྣང་བྱེད་ཀྱི་རེད། ཅེས་སྣང་མེད་ཐོག་ནས་ལན་འདེབས་གནང་འདུག ད་ཕན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ལྕམ་ནན་སི་ཕེ་ལོ་སི་ལ་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་པ་ཙམ་ལས་ཉེས་ཆད་བཅད་པའི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་བྱས་མེད་པ་རེད།

ལྕམ་ནན་སི་ཕེ་ལོ་སིས་མུ་མཐུད་ནས་གསུངས་དོན། ད་ལན་ངས་ཐེ་ཝན་དུ་འཚམས་གཟིགས་ཕེབས་དོན་གཙོ་བོ་ནི་ཨ་རི་དང་ཐེ་ཝན་གཉིས་ཀྱི་ད་ཡོད་ཀྱི་འབྲེལ་ལམ་མུ་མཐུད་ནས་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། དེ་ཧ་ལས་པ་གལ་གནད་ཆེན་པོ་རེད། དེ་ནི་༡༩༧༩ ལོར་བཞག་པའི་ཨ་རིས་ཐེ་ཝན་དང་འབྲེལ་ལམ་འཛིན་ཕྱོགས་ཀྱི་ཁྲིམས་ལུགས་དང་། དེ་བཞིན་ཨ་རྒྱ་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས་གསུམ་དང་། ཁག་ཐེག་དྲུག་གི་དོན་ཚན་ཁག་གི་འབྲུ་དོན་དང་རྒྱབ་འགལ་བྱས་མེད་ཅེས་གསུངས་འདུག

གཟའ་འཁོར་གོང་མའི་ནང་ལྕམ་ནན་སི་ཕེ་ལོ་སིས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་སྣེ་ཁྲིད་དེ་སིངྒ་པོར་དང་མཱ་ལའེ་ཤི་ཡ། ལྷོ་ཀོ་རི་ཡ་དང་ཉི་ཧོང་བཅས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་གཟིགས་སྐོར་ཕེབས་དུས་ཐེ་ཝན་ལ་ཉིན་གཅིག་རིང་ལ་ཆེད་ཕེབས་གནང་ཡོད། རྒྱ་ནག་གིས་ལྕམ་ནན་སི་ཕེ་ལོ་སི་ལ་རྒོལ་ལན་ཚུལ་དུ་ཕྱིར་འཐེན་གསུམ་དང་མཚམས་འཇོག་ལྔ་ཞེས་པའི་འབོད་ཚིག་བསྒྲགས་ཏེ། དེ་སྔོན་ཨ་རྒྱ་གཉིས་ཀྱི་དམག་དཔོན་དང་རྒྱལ་སྲུང་ལས་ཁུངས་བར་གྱི་བགྲོ་གླེང་། མཚོ་ཐོག་གི་དམག་དོན་བདེ་འཇགས་སྐོར་གྱི་གྲོས་མོལ་སོགས་ཡོད་ཚད་ཕྱིར་འཐེན་བྱས་ཡོད་པར་མ་ཟད། པེ་ཅིང་གིས་ཁྲིམས་འགལ་གྱི་གནས་སྤོ་ཡུལ་མི་ཚོ་རྩིས་སྤྲོད་རྩིས་ལེན་བྱ་རྒྱུ་དང་། དེའི་ཐད་ཁྲིམས་འཛིན་གྱི་རོགས་སྐྱོར་བྱ་རྒྱུ། རྒྱལ་མཚམས་བརྒལ་བའི་ཉེས་ཅན་ཚོ་ལ་རྡུང་རྡེག་གཏང་རྒྱུ། གཞན་དུག་རྫས་འགོག་སྲུང་དང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་གྲོས་མོལ་ལས་རིགས་སོགས་ཨ་རྒྱ་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་དོན་ཚན་མང་པོ་ཞིག་མཚམས་འཇོག་བྱས་ཡོད། གཞན་ཡང་གཟའ་འཁོར་གོང་མའི་རེས་གཟའ་ཕུར་བུའི་ཉིན་ལ་རྒྱ་ནག་གི་དམག་གིས་ཐེ་ཝན་མཐའ་འཁོར་ལ་དམག་སྦྱོང་གཞི་རྒྱ་ཆེན་པོ་བྱས་ཡོད་པ་དང་། མ་གཞི་ཉིན་བཞིའི་རིང་གི་དམག་སྦྱོང་དེ་བཞིན་དུས་ཡུན་ཇེ་རིང་ལ་བཏང་ཡོད་པ་རེད། རྒྱ་ནག་དམག་ཕྱོགས་ནས་རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་སྤེལ་གསལ། ཁོ་ཚོས་ཐེ་ཝན་ཉེ་འཁོར་ལ་དམག་སྦྱོང་སྤེལ་བ་དེ་བདེ་བླགས་ངང་མཇུག་སྒྲིལ་ཡོད་ཀྱང་། ད་ལྟ་རྒྱ་ནག་བཅིངས་གྲོལ་དམག་གིས་དམག་འཁྲུག་ལ་གྲ་སྒྲིག་གི་དམག་སྦྱོང་བྱེད་བཞིན་ཡོད་ཅེས་བརྗོད་འདུག ད་ལྟ་ཐེ་ཝན་ཉེ་འཁོར་ལ་རྒྱ་ནག་གི་དམག་གི་གནོན་ཤུགས་དེ་ད་དུང་མུ་མཐུད་ནས་གནས་ཡོད་པ་རེད།

ཨ་མེ་རི་ཀའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་མཱི་ཁེ་སིས་བརྗོད་དོན། ད་ཐེངས་ལྕམ་ནན་སི་ཕེ་ལོ་སིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དེ་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པ་དེས་ཞི་ཅིང་ཕིང་ལ་ཁོ་ཚོས་ང་ཚོར་ག་རེ་བྱེད་མིན་ཐད་བཀའ་བཏང་རྒྱུའི་དབང་ཚད་མེད་པའི་བརྡ་ལན་སྤྲད་ཡོད། རྒྱ་ནག་དབུ་ཁྲིད་ཚོས་གནམ་གཤིས་སྐོར་གྱི་བརྗོད་གཞི་སོགས་དང་འབྲེལ་ནས་ང་ཚོ་དང་མུ་མཐུད་ནས་བགྲོ་མོལ་བྱ་རྒྱུའི་རེ་བ་ཡོད། ང་ཚོ་ལ་མཚོན་ན་ད་ཡོད་ཀྱི་འབྲེལ་ལམ་རྒྱུན་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་འདུག

རེས་གཟའ་ལྷག་པའི་ཉིན་གྱི་གསར་འགོད་གསལ་བསྒྲགས་སྐབས་སུ། ལྕམ་ནན་སི་ཕེ་ལོ་སི་མཆོག་གིས་ཐེ་ཝན་གྱི་རང་དབང་དམངས་གཙོའི་རིན་ཐང་ལྟ་གྲུབ་ལ་བསྔགས་བརྗོད་ཀྱིས་ཨ་རིས་ཐེ་ཝན་ལ་མུ་མཐུད་ནས་རྒྱབ་སྐྱོར་བྱེད་དགོས་པའི་སྐོར་བསྐྱར་དུ་ནན་བརྗོད་གནང་འདུག ཁོང་གིས་གསུངས་དོན། ང་ཚོས་རྒྱ་ནག་གིས་ཐེ་ཝན་དེ་གྲོགས་མེད་ཁེར་རྐྱང་ཅན་དུ་བསྒྱུར་བཅུག་གི་མིན། རྒྱ་ནག་གིས་ཐེ་ཝན་དེ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་སུ་མཉམ་བཞུགས་བྱ་རྒྱུར་འགོག་ཐབས་བྱེད་བཞིན་ཡོད་ཀྱང་། ང་ཚོས་ཐེ་ཝན་ནང་འཚམས་གཟིགས་སུ་ཕེབས་རྒྱུར་རྒྱ་ནག་གིས་ཐེ་ཇུས་བྱེད་མི་ཐུབ། དེང་སྐབས་འཛམ་གླིང་ཐོག་དམངས་གཙོ་དང་སྒེར་གཅོད་ལམ་ལུགས་གཉིས་ཀྱི་བར་འགལ་ཟླ་ཆེན་པོ་ཆགས་ཡོད། སྒེར་གཅོད་གར་ཡོད་སར་ཞི་བདེ་མེད་པ་ཁོ་ཐག་རེད། ད་ལྟ་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དང་ཐེ་ཝན་མཚོ་ཁུག བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་ནང་བྱུང་དང་འབྱུང་བཞིན་པའི་གནད་དོན་དེ་དག་དང་འབྲེལ་ནས་ང་ཚོས་རྒྱ་ནག་སྐོར་ལ་མི་བཤད་ཀ་མེད་དང་ཐེ་ཝན་ལ་རྒྱབ་སྐྱོར་མི་བྱེད་ཀ་མེད་རེད། ང་ཚོས་ཐེ་ཝན་དེ་གྲོགས་མེད་ཁེར་རྐྱང་ཅན་དུ་བསྒྱུར་བཅུག་གི་མིན་པའི་རྣམ་འགྱུར་གསལ་པོ་སྟོན་བཞིན་ཡོད་ཅེས་གསུངས་འདུག

འབྲེལ་ཡོད།

XS
SM
MD
LG