Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

ལེ་ཆིང་ཏེའི་ཁྲི་སྟོན་མཛད་སྒོར་རྒྱལ་ཁབ་༨་ཀྱི་འགོ་ཁྲིད་ཚོ་ཕེབས་རྒྱུ་རེད་ཟེར།


ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེ་
ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེ་

༄༅།། ཕྱི་ཟླ་༥་པའི་ཚེས་༢༠་ཉིན་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེས་ལས་ཁུར་དམ་བཅའ་འཇོག་གི་ཡོད་ཅིང་། ཁ་སང་གཟའ་མིག་དམར་ཉིན་ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེས་ང་ཚོར་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༨་ཀྱི་སྲིད་འཛིན་དང་སྲིད་བློན། ཐེ་ཝན་དང་ལྟ་གྲུབ་མཐུན་པའི་རྒྱལ་ཁབ་༤༠་ལྷག་གི་སྐུ་ཚབ། འཛམ་གླིང་རྒྱལ་ཁབ་ཁག་གི་གནད་ཡོད་གྲོས་ཚོགས་འཐུས་མི་བཅས་སྐུ་མགྲོན་༤༠༠་ལྷག་ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེའི་ཁྲི་སྟོན་མཛད་སྒོར་ཕེབས་ཀྱི་ཡོད་ཅེས་བསྒྲགས། ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཚོས་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེ་ལ་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེ་དང་འདེམས་ཐོན་སྲིད་འཛིན་གཞོན་པ་ཞའོ་མེ་ཆིང་གཉིས་ཀྱི་ཁྲི་སྟོན་མཛད་སྒོར་སྐུ་མགྲོན་ཅི་ཙམ་གདན་འདྲེན་ཞུས་ཡོད་ཅེས་སྐད་ཆ་དྲིས་པའི་སྐབས་སུ་དེ་ལྟར་ལན་འདེམས་བྱས་འདུག

ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེས་
ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེས་

ཐེ་ཝན་གྱི་སྲིད་འཛིན་གསར་པའི་ལས་ཁུར་དམ་འབུལ་མཛད་སྒོ་དངོས་གཞི་དེ་ཐེ་པེའི་སྲིད་འཛིན་ལས་ཁུངས་སུ་འཚོགས་ཀྱི་ཡོད་ཀྱང་ཁྲི་སྟོན་མཛད་སྒོའི་གསོལ་སྟོན་དེ་ཐེ་ནན་ས་ཁུལ་དུ་བཤམ་རྒྱུའི་ཐག་བཅད། ཐེ་ཝན་གྱི་སྲིད་འཛིན་གསར་པའི་ཁྲི་སྟོན་མཛད་སྒོར་ཞུགས་རྒྱུ་ཡིན་ཞེས་ཡོངས་གྲགས་སུ་ཁྱབ་བསྒྲགས་བྱེད་མཁན་ནི་པ་ལོ་ཨན་གྱི་སྲིད་འཛིན་སུ་རེན་གྷེལ་ཝིབ་སི་ཆུང་བ་དང་ཐུ་ཝ་ལོན་གྱི་སྲིད་བློན་ཧྥེ་ལེ་ཊི་ཐེའོ་གཉིས་ཡིན་ཞིང་། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་མེ་ཁེལ་མེཀ་ཀོལ་ཡང་ཐེ་ཝན་གྱི་སྲིད་འཛིན་གསར་པའི་ཁྲི་སྟོན་མཛད་སྒོར་ཕེབས་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༡༣་ཉིན་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱས་ནས་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལེ་ཆིང་ཏེ་དང་ཞའོ་མེ་ཆིང་སྲིད་འཛིན་གཙོ་གཞོན་གཉིས་ལ་བདམས།།

པ་ལོ་ཨན་གྱི་སྲིད་འཛིན་སུ་རེན་གྷེལ་ཝིབ་སི་ཆུང་བ་
པ་ལོ་ཨན་གྱི་སྲིད་འཛིན་སུ་རེན་གྷེལ་ཝིབ་སི་ཆུང་བ་

ཕྱི་ཟླ་༤་པའི་ཚེས་༡༥་ཉིན་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེས་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་ལས་སྣེ་འདེམས་བསྐོ་བྱེད་ཀྱི་ཡོད་པ་དེ་དག་གི་གྲས་སུ་སྲིད་གཞུང་སྔོན་མའི་ལས་སྣེ་ཁག་མུ་མཐུད་དུ་ཉར་འཛིན་གྱི་ཡོད་པར་གཞིགས་ཚེ། ཐེ་ཝན་གྱི་སྲིད་གཞུང་གསར་པའི་སྲིད་ཇུས་དེར་འགྱུར་བ་ཆེན་པོ་ཞིག་ཐེབས་རྒྱུ་མིན་པ་མཚོན་ཐུབ། ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཁག་དང་སྲིད་དོན་ཉམས་ཞིབ་པ་ཚོས་ལེ་ཆིང་ཏེའི་སྲིད་གཞུང་གི་ལས་སྣེ་རྣམས་ད་ལྟའི་སྲིད་གཞུང་གི་ལས་སྣེ་ཚོར་བཅོས་སྒྲིག་བྱས་པ་ལྟར་དུ་སྣང་། དེས་ན་ཨ་མི་རི་ཀའི་གཞུང་བློ་བདེ་བག་ཕེབས་སུ་འགྱུར་ངེས་རེད་ཅེས་གནས་ཚུལ་སྤེལ། ལེ་ཆིང་ཏེ་ལ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པར་ཨ་རི་དང་རྒྱ་ནག་གཉིས་ཀར་བློ་འཚབ་བྱུང་ཞིང་། ཨ་རིའི་འཇར་མན་མར་ཤཱལ་ཐེབས་རྩ་ཁང་གི་འགན་འཛིན་བྷོ་ཎི་གྷ་ལ་སེར་་ནས་སྲིད་འཛིན་བྷ་ཌན་གྱི་གཞུང་ལ་ཐེ་ཝན་གྱི་སྲིད་ཇུས་དེ་རྒྱུན་འཁྱོངས་བྱེད་དུ་འཇུག་འདོད་ཡོད་པ་རེད་ཅེས་བསྟན།།

ཨ་རིའི་འཇར་མན་མར་ཤཱལ་ཐེབས་རྩ་ཁང་གི་འགན་འཛིན་བྷོ་ཎི་གྷ་ལ་སེར་
ཨ་རིའི་འཇར་མན་མར་ཤཱལ་ཐེབས་རྩ་ཁང་གི་འགན་འཛིན་བྷོ་ཎི་གྷ་ལ་སེར་

༡༩༩༦་ལོར་ཐེ་ཝན་ལ་དམངས་གཙོའི་འོས་བསྡུ་ཐེངས་དང་པོ་བྱས་པར་མ་ཟད། ༢༠༡༦་ནས་དམངས་གཙོ་ཡར་ཐོན་ཚོགས་པར་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐེངས་གསུམ་བསྟུད་མར་ཐོབ། སྲིད་དོན་ཉམས་ཞིབ་པ་ཚོས་ཐེ་ཝན་གྱི་འོས་བསྡུའི་སྔོན་དེར་རྒྱ་ནག་གིས་ལོ་འདིའི་ཐེ་ཝན་གྱི་འོས་བསྡུ་ནི་དམག་འཁྲུག་དང་ཞི་བདེའི་གདམ་ཀ་ཞིག་ཡིན་ཞེས་སྡིགས་ར་བསྐུལ་བས་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་དང་གོ་མིན་ཏང་ལ་ཕམ་ཉེས་བྱུང་བ་རེད་ཟེར། ཐེ་ཝན་གྱི་སྲིད་གཞུང་གསར་པས་མཚོ་འགག་ཕྱོགས་གཉིས་དང་རྒྱལ་སྤྱིའི་ཐོག་ཏུ་སྲིད་ཇུས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ཕྱིར་བསྲགས་བྱས་མེད་མོད། འོན་ཀྱང་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེས་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་གྱི་སྲིད་གཞུང་གིས་ལག་ལེན་བསྟར་པའི་སྲིད་ཇུས་རྣམས་རྒྱུན་འཁྱོངས་བྱ་རྒྱུའི་བརྡ་ཞིག་བཏང་འདུག དེ་བཞིན་ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་གཞོན་པ་ཞའོ་མེ་ཆིང་གིས་ཀྱང་ཡུ་རོབ་རྒྱལ་ཁབ་ཁག་དང་དམངས་གཙོའི་རྒྱལ་ཁབ་ཁག་ལ་འབྲེལ་བ་སྲ་བརྟན་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སྔོན་ཕྱི་ཟླ་༣་པའི་ཚེས་༢༣་ཉིན་ཐེ་ཝན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདེམས་ཐོན་སྲིད་འཛིན་གཞོན་པ་ཞའོ་མེ་ཆིང་གསང་བའི་ཐོག་ཏུ་ལི་ཐུ་ཝེ་ཎི་ཡར་ཕེབས་ཏེ་རྒྱལ་ཁབ་དེའི་སྲིད་འཛིན་འོས་མི་གཉིས་ལ་ཐུག་སྟེ་གྲོས་མོལ་བྱུང་། དེ་བཞིན་བྷེལ་ཇམ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་གཞིས་ཚུགས་ཡོད་པའི་ཡུ་རོབ་མཉམ་འབྲེལ་གྱི་དབུས་སྤྱི་ཁྱབ་ཁང་དུ་ཕེབས་ནས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱས་ཤིང་། ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་གཞོན་པ་ཞའོ་མེ་ཆིང་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཐུག་འཕྲད་བྱས་པར་རྒྱ་ནག་གིས་ངོ་རྒོལ་དྲག་པོ་བྱས་པས་ལི་ཐུ་ཝེ་ཎི་དང་ཡུ་རོབ་མཉམ་འབྲེལ་གྱི་དབུས་སྤྱི་ཁྱབ་ཁང་དུ་ཕེབས་པ་རྣམས་གསང་བ་བྱ་དགོས་པར་གྱུར། རྒྱལ་ཁབ་གང་ཞིག་གིས་ཐེ་ཝན་ལ་འབྲེལ་བ་བྱས་པ་དང་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་བྱས་ན་རྒྱ་ནག་གིས་རྒྱལ་ཁབ་དེར་དཔལ་འབྱོར་དང་ཚོང་ལས། ཕྱི་འབྲེལ་བཅས་ཀྱི་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་བདེ་འཇགས་ཉམས་ཞིབ་པ་ལཱོ་རི་ན་ཝི་ཆི་སི་ཡིས་ང་ཕྱི་ཟླ་༣་པའི་ཚེས་༢༢་ཉིན་ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་གཞོན་པ་ཞའོ་མེ་ཆིང་དང་ལྷན་དུ་ལས་སྒྲུབ་ཞོགས་ཇ་འཐུང་དུ་ཕྱིན་པ་ཡིན། ལས་སྒྲུབ་ཞོགས་ཇ་དེར་ལི་ཐུ་ཝེ་ཎི་ཡའི་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་དང་ནུབ་ཆིངས་ཀྱི་ལས་སྣེ་ཟུར་པ་སོགས་ཕེབས་འདུག ལི་ཐུ་ཝེ་ཎི་ཡའི་ཕྱི་འབྲེལ་ནང་དུ་ཐེ་ཝན་ནི་ཧ་ཅང་གི་གནད་འགག་ཆེན་པོ་རེད། ཡིན་ནའང་ལི་ཐུ་ཝེ་ཎི་ཡའི་གསར་འགྱུར་ནང་དུ་ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་གཞོན་པ་ཕེབས་ཡོད་པ་ཐོན་མ་སོང་། ཞའོ་མེ་ཆིང་གི་ལི་ཐུ་ཝེ་ཎི་ཡའི་མཛད་རིམ་ཁག་གསང་བ་བྱས་ནས་ཕྱི་ལ་བསྒྲགས་བྱས་མེད་པ་རེད་ཅེས་བཀྲལ། ཞའོ་མེ་ཆིང་གིས་རྒྱལ་ས་ཝིལ་ནེ་སི་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འབྲེལ་ལམ་དང་སྲིད་དོན་ཚན་རིག་ཞིབ་འཇུག་ཁང་དུ་ཐེ་ཝན་གྱི་དམངས་གཙོའི་འཕེལ་རིམ་དང་ཉམས་མྱོང་། གྲུབ་འབྲས་བཅས་ཀྱི་ཐད་དུ་གཏམ་བཤད་བྱས་པ་རེད་ཅེས་ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༤་པའི་ཚེས་༡༥་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཟླ་བ་འདིའི་མགོ་སྟོད་དུ་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་དང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་པེ་ཅིང་དུ་ཐུག་འཕྲད་གྲོས་མོལ་བྱུང་། མ་དབྱིན་ཇུག་ཐེ་ཝན་ལ་ཕྱིར་ལོག་བྱས་པའི་རྗེས་སུ་རྒྱ་ནག་གིས་ཐེ་ཝན་ལ་ཞི་འགྲིག་གི་རྣམ་འགྱུར་སྟོན་གྱི་འདུག ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེས་དོན་དངོས་ལ་བལྟས་ཏེ་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱས་ནས་ཞིས་ཅིན་ཕིང་ལ་ལན་འདེབས་བཟང་པོ་ཞིག་བྱ་དགོས། ལེ་ཆིང་ཏེ་རང་བཙན་གྱི་ལམ་དུ་བསྐྱོད་རྒྱུར་འཛེམ་ཟོན་བྱ་དགོས་ཞེས་འབོད་སྐུལ་ཞུས། མ་དབྱིན་ཇུག་གིས་ངོ་དེབ་ནང་དུ་ལེ་ཆིང་ཏེས་ཀྲུང་ཧྭ་མིན་གོའི་རྩ་ཁྲིམས་གོང་བཀུར་དང་ཀྲུང་ཧྭ་མིན་གོའི་རྩ་ཁྲིམས་ནང་དུ་རྒྱ་ནག་གཅིག་ཅེས་འཁོད་ཡོད་པ་རྩ་འཛིན་དང་མཚོ་འགག་ཕྱོགས་གཉིས་རྒྱལ་ཁབ་ཐ་དད་མིན་པ་ངོས་ལེན་བྱ་དགོས་ཞེས་འཕྲིན་ཐུང་ཞིག་སྤེལ།།

༢༠༡༦་ལོར་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚེ་དབྱིན་ཝེན་སྲིད་འཛིན་
༢༠༡༦་ལོར་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚེ་དབྱིན་ཝེན་སྲིད་འཛིན་

༢༠༡༦་ལོར་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚེ་དབྱིན་ཝེན་སྲིད་འཛིན་ལ་འདེམས་ཐོན་བྱུང་ནས་བཟུང་། ཐེ་ཝན་གཞུང་ནས་རྒྱ་ནག་གཅིག་གི་རྩ་དོན་ཁས་མ་བླངས། རྒྱ་ནག་གིས་ཐེ་ཝན་ལ་ནམ་ཡང་དབང་བསྒྱུར་བྱས་མྱོང་མེད། ཐེ་ཝན་ནི་བདག་དབང་ལྡན་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞེས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་འོག་ཏུ་འདུ་དགོས་པར་དགག་པ་བརྒྱབ། དེར་བརྟེན་༢༠༡༦་ནས་རྒྱ་ནག་གཞུང་གིས་ཐེ་ཝན་ལ་འབྲེལ་བ་བཅད་ནས་དཔལ་འབྱོར་དང་ཚོང་ལས། ཕྱི་འབྲེལ་བཅས་ཀྱི་གནོན་ཤུགས་སྤྲད་པ་དང་དམག་གིས་སྡིགས་ར་བསྐུལ། རྒྱ་ནག་གཞུང་གིས་ལེ་ཆིང་ཏེ་དཀའ་རྙོག་སློང་མཁན་དང་ཁ་བྲལ་རིང་ལུགས་པ་མགོ་མཁྲེགས་ཤིག་རེད་ཅེས་སྐྱོན་བཙུགས། རྒྱ་ནག་གཞུང་གིས་༡༩༩༢་ལོར་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་གྲོས་མཐུན་བཞག་ཡོད་ཟེར། ༡༩༩༢་ལོར་རྒྱ་ནག་གི་སྐུ་ཚབ་ཝང་ཏོ་ཧན་དང་ཐེ་ཝན་གྱི་སྐུ་ཚབ་གུ་ཁྲེང་ཧྥུ་གཉིས་ཐུག་འཕྲད་གྲོས་མོལ་བྱས་པ་བདེན་ཡང་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་གྲོས་མཐུན་བཞག་མིན་གསལ་པོ་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG