Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

ཁྲིམས་ཡིག་༣༧༠་པས་ལ་དྭགས་ལ་ཡར་ཐོན་གྱི་ཁྲིམས་བཟོ་རྒྱུ་བཀག་སོང་ཟེར།


རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱ་ཤན་ཀར་
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱ་ཤན་ཀར་

༄༅།། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱ་ཤན་ཀར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་ལ་ཉི་མ་གསུམ་གྱི་འཚམས་འདྲིར་བསྐྱོད། ཕྱི་ཟླ་༣་པའི་ཚེས་༢༤་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་ནས་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༣༧༠་པས་ཇམ་མུ་ཀསྨིར་དང་ལ་དྭགས་གསུམ་ཡར་ཐོན་གྱི་ཁྲིམས་བཟོ་རྒྱུ་བཀག་པ་རེད། ད་ལྟ་རྩ་ཁྲིམས་དོན་ཚན་༣༧༠་པ་ཕྱིར་བསྡུ་བྱས་པའི་ཁེ་ཕན་དངོས་སུ་ཐོབ་ཡོད་པ་གསལ་པོ་རེད། རྩ་ཁྲིམས་དོན་ཚན་༣༧༠་པས་རྒྱ་གར་རྒྱལ་ཁབ་ལ་གནོད་སྐྱོན་གཉིས་ཕོག་ཏུ་བཅུག་ཡོད་པ་སྟེ། གཅིག་ནི་ཁ་བྲལ་རིང་ལུགས་དང་དྲག་ཟིང་། འཇིགས་སྐུལ་རིང་ལུགས་པ་རྣམས་ལངས། དེ་ནི་རྒྱ་གར་གྱི་བདེ་འཇགས་ལ་དཀའ་ངལ་ཞིག་ཏུ་གྱུར། གཉིས་པ་ནི་རྩ་ཁྲིམས་དོན་ཚན་༣༧༠་ཐམ་པ་ཇམ་མུ་ཀསྨིར་དང་ལ་དྭགས་གསུམ་ལ་ལག་ལེན་བསྟར་ནས་ས་ཁུལ་དེ་དག་ལ་ཡར་ཐོན་གྱི་བཅའ་ཁྲིམས་བཟོ་རྒྱུར་འགོག་རྐྱེན་ཕྲད་པ་རེད་ཅེས་སིངྒ་པུར་དུ་གནས་འཁོད་རྒྱ་གར་བ་ཚོར་གཏམ་བཤད་བྱས་འདུག

༢༠༡༩་ལོའི་ཕྱི་ཟླ་༨་པའི་ཚེ་༥་ཉིན་རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་རྩ་ཁྲིམས་དོན་ཚན་༣༧༠་ཐམ་པ་ལག་ལེན་བསྟར་རྒྱུ་མེད་པར་བཏང་ཞིང་། ཇམ་མུ་ཀསྨིར་དང་ལ་དྭགས་བཅས་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གཉིས་སུ་བསྒྱུར། ཐོག་མར་ལ་དྭགས་ཀྱི་ནང་པ་ཚོས་འགྱུར་བཅོས་དེར་དགའ་བསུ་ཞུས། ཡིན་ནའང་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་འོག་ཏུ་ལ་དྭགས་ཀྱི་ཁོར་ཡུག་དང་སྐྱེ་ཁམས་ལ་གཏོར་བཤིག་ཕོག ས་གནས་དེའི་ལས་ཀ་དང་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་རྣམས་ཕྱིའི་མི་ལ་ཐོབ། ལ་དྭགས་ཀྱི་ས་ཆ་རྣམས་རྒྱ་གར་གྱི་བཟོ་ཚོང་བདག་པོ་འབྱོར་ལྡན་པ་ཚོས་ཉོས་ནས་གཏེར་ཁ་སྔོན་འདོན་དང་འཛུགས་སྐྲུན། ལ་དྭགས་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག མི་རིགས་ཀྱི་ངོ་བོ་རྣམས་བརླག་གྲབས་སུ་གྱུར།།

ལ་དྭགས་ཀྱི་ཤེས་ཡོན་སློབ་གསོ་བ་དང་ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་རང་ཡུལ་ལ་མངའ་སྡེའི་ཐོབ་ཐང་དགོས་ཞེས་ཉི་མ་༢༡་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ།
ལ་དྭགས་ཀྱི་ཤེས་ཡོན་སློབ་གསོ་བ་དང་ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་རང་ཡུལ་ལ་མངའ་སྡེའི་ཐོབ་ཐང་དགོས་ཞེས་ཉི་མ་༢༡་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ།

ཕྱི་ཟླ་༣་པའི་ཚེས་༢༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཀྱི་ཤེས་ཡོན་སློབ་གསོ་བ་དང་ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་རང་ཡུལ་ལ་མངའ་སྡེའི་ཐོབ་ཐང་དགོས་ཞེས་ཉི་མ་༢༡་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ། ཁོང་གིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ངའི་ལུས་སྟོབས་ཉམས་ཀྱི་འདུག ང་ལ་ལས་འགུལ་མཚམས་འཇོག་བྱོས་ཞེས་མང་ཚོགས་ཀྱིས་སྐུལ་ལྕག་གཏོང་གི་འདུག ངས་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་ཀྱང་ལ་དྭགས་མི་དམངས་ཀྱིས་རེས་མོས་སུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རྒྱུན་འཁྱོངས་བྱ་རྒྱུ་རེད། ངས་ལུས་སྟོབས་སོས་པའི་རྗེས་སུ་སླར་ཡང་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཀྲལ། ཁ་སྔོན་གཟའ་སྤེན་པ་གཅིག་པུར་མི་༢༠༠༠་ལྷག་འདུས་ནས་བསོད་ནམས་དབང་ཕྱུག་གི་ངོ་རྒོལ་ལས་འགུལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན།།

ལ་དྭགས་ཀྱི་མཁར་དཀྱིལ་ས་ཁུལ་དུ་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱས་ནས་ཚན་རིག་པ་བསོད་ནམས་དབང་ཕྱུག་གི་ལས་འགུལ་ལ་རྒྱབ་སྐྱོར་བྱས།
ལ་དྭགས་ཀྱི་མཁར་དཀྱིལ་ས་ཁུལ་དུ་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱས་ནས་ཚན་རིག་པ་བསོད་ནམས་དབང་ཕྱུག་གི་ལས་འགུལ་ལ་རྒྱབ་སྐྱོར་བྱས།

བདུན་ཕྲག་སྔོན་མར་ལ་དྭགས་ཀྱི་མཁར་དཀྱིལ་ས་ཁུལ་དུ་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱས་ནས་ཚན་རིག་པ་བསོད་ནམས་དབང་ཕྱུག་གི་ལས་འགུལ་ལ་རྒྱབ་སྐྱོར་བྱས། ལོ་ན་༥༧་ལ་སོན་པའི་བསོད་ནམས་དབང་ཕྱུག་གིས་ལ་དྭགས་ལ་དམངས་གཙོའི་ཐོབ་ཐང་མི་འདུག གལ་སྲིད་ལ་དྭགས་ལ་རང་གི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་གདམ་ཆོག་པའི་ཐོབ་ཐང་ཡོད་ཚེ། ལ་དྭགས་ཀྱི་ནགས་ཚལ་རྣམས་བཅད་པ་དང་བཟོ་གྲྭ་བཙུགས། གཏེར་ཁ་སྔོག་གི་ཡོད་པ་རྣམས་འགོག་ཆོག་པའི་བཅའ་ཁྲིམས་གཏན་འབེབས་བྱེད་ཐུབ་ཅེས་ཟས་བཅད་ངོ་རྒོལ་བྱ་དགོས་པའི་རྒྱུ་མཚན་བགྲངས། མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་ཨ་ས་གྷར་ཨ་ལི་ཁར་བྷ་ལེས་རྒྱ་གར་གཞུང་གིས་ལ་དྭགས་པའི་མངོན་འདོད་མ་བསྐངས་པར་སྣང་ཆུང་ཁྱད་གསོད་བྱེད་ཀྱི་ཡོད་པ་ནི་ཧ་ཅང་གི་ཐ་ཤལ་ཞིག་རེད་ཅེས་སྐྱོན་བཙུགས།།

ཉེ་ཆར་ཕྱི་ཟླ་༣་པའི་ཚེས་༤་ཉིན་རྒྱ་གར་གྱི་ནང་སྲིད་ལྷན་ཁང་དང་ལ་དྭགས་ཀྱི་གླེའི་འགོ་གཙོ་ལྷན་ཚོགས། མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོས་ལྡི་ལི་གསར་པར་གྲོས་མོལ་བྱས་ཀྱང་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུའི་གྲོས་མཐུན་མ་བྱུང་། ཕྱི་ཟླ་༣་པའི་ཚེས་༦་ནས་ལ་དྭགས་པ་བསོད་ནམས་དབང་ཕྱུག་གིས་ཟས་བཅད་ངོ་རྒོལ་བྱ་རྒྱུ་མགོ་བརྩམས། རྒྱ་གར་གྱི་བང་ཆེན་ཚགས་པར་ལ་དབུས་གཞུང་གིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུའི་མོས་མཐུན་མ་བྱས་པར་ས་གནས་དེའི་ལས་ཀའི་ས་མིག་དང་ས་ཆར་སྲུང་སྐྱོབ་བྱ་རྒྱུའི་གྲོས་སྡུར་བྱེད་ཆོག་པའི་གྲོས་གཞི་བཏོན་པ་རེད་ཅེས་གནས་ཚུལ་སྤེལ། ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་གིས་རྒྱ་གར་གཞུང་གིས་ས་གནས་མི་དམངས་ལ་སྐད་ཆ་མ་དྲིས་པར་ལ་དྭགས་སུ་རང་བྱུང་ནུས་ཤུགས་གློག་ཁང་༡༣་འཛུགས་སྐྲུན་བྱ་རྒྱུའི་ཐག་བཅད་འདུག གློག་ཁང་དེ་དག་གིས་ལ་དྭགས་ལ་གཏོར་བཤིག་ཐེབས་ནས་རྩ་མེད་འགྲོ་རྒྱུ་རེད་ཅེས་སྨྲས།།

ཚན་རིག་པ་ཚོས་སའི་གོ་ལའི་ཚ་དྲོད་རྒྱས་ནས་དུས་རབས་༢༡་པའི་མཇུག་དེར་ཧི་ལ་མ་ཡའི་ལྗོངས་ཀྱི་གངས་རི་དང་འཁྱག་རོམ་བརྒྱ་ཆ་༧༥་ཞུ་ཚར་རྒྱུ་རེད། ཆུ་ལོག་དང་ཐན་པ་བྱུང་ནས་མི་གྲངས་དུང་ཕྱུར་༢་དང་བྱེ་བ་༤་ལྷག་ལ་འཐུང་ཆུ་ཆད་ཉེན་འདུག་ཅེས་སྙན་ཐོ་བཏོན། ལ་དྭགས་པ་བསོད་ནམས་དབང་ཕྱུག་ནས་རྒྱ་ནག་གིས་ལ་དྭགས་ཀྱི་རྩྭ་ས་ཧམ་འཕྲོག་བྱས་ནས་འབྲོག་པ་ཚོར་ཕྱུགས་ཟོག་འཚོ་སྐྱོང་བྱ་ཡུལ་མི་འདུག ཕྱི་ཟླ་༤་པའི་ཚེས་༧་ཉིན་འབྲོག་པ་ཚོ་ས་མཚམས་སུ་རྒྱ་ནག་ལ་ངོ་རྒོལ་བྱེད་དུ་བསྐྱོད་འཆར་འདུག ལ་དྭགས་ཀྱི་འབྲོག་པ་ཚོ་དང་རྒྱ་ནག་གི་མཐའ་མཚམས་སྐོར་གཡེང་བ་རྣམས་ལག་འཛིང་ཐུག་པ་རེད་ཅེས་རྩྭ་ས་ཤོར་བ་དང་རྒྱ་གར་གྱི་བཟོ་ཚོང་ལས་ཁུངས་ཁང་གིས་ཁོར་ཡུག་ལ་གཏོང་བཤིག འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱིས་ལ་དྭགས་པའི་ས་ཆ་མང་པོར་མི་དང་ཕྱུགས་ཟོག་འཚོ་གནས་བྱེད་མི་ཐུབ་པ་ཞིག་ཏུ་འགྱུར་གྱི་ཡོད་པའི་དཀའ་ངལ་རྣམས་བཤད།།

ཕྱི་ཟླ་༣་པའི་ཚེས་༢༣་ཉིན་ཨོ་གླིང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ནི་ཨེ་ཤི་ཡའི་རྡུལ་འཕྲིན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱ་དཀར་ནག་གཉིས་དང་པ་ཀི་སི་ཐན་གསུམ་གྱི་བར་དུ་ཚུད། གནམ་གཤིས་འགྱུར་ལྡོག་དང་མངའ་ཁོངས་ཀྱི་བདག་དབང་བརྩད་ནས་ལ་དྭགས་མི་དམངས་ཀྱི་འཚོ་བར་དོ་འཕོག་ཆེན་པོ་ཐེབས་ཀྱི་འདུག ལ་དྭགས་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་བསོད་ནམས་དབང་ཕྱུག་གིས་དཀའ་ངལ་དེ་རྣམས་གསལ་སྟོན་བྱེད་པར་རྒྱལ་ས་གླེ་རུ་གྲང་ངར་ཁྲོད་དུ་ཟས་བཅད་ངོ་རྒོལ་བྱེད་ཀྱི་འདུག ལ་དྭགས་མི་དམངས་ལ་མངའ་སྡེའི་ཐོབ་ཐང་མ་རག་ན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཁག་མཚམས་འཇོག་བྱ་རྒྱུའི་རྟགས་མཚན་མི་འདུག་ཅེས་གནས་ཚུལ་སྤེལ། ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་གར་གཞུང་ནས་ཀསྨིར་གྱི་ས་གནས་ཁག་ཏུ་དམ་དྲག་བྱས་ནས་ངོ་རྒོལ་བྱེད་ཐུབ་ཀྱི་མེད་མོད། འོན་ཀྱང་ལ་དྭགས་པ་ཚོས་རང་སྐྱོང་གི་ཐོབ་ཐང་དགོས་ཞེས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག་ཅེས་དཔྱད་བརྗོད་སྤེལ།།

བསོད་ནམས་དབང་ཕྱུག་གཙོས་ལ་དྭགས་ཀྱི་གླེའི་འགོ་གཙོ་ལྷན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱིས་ང་ཚོས་རྒྱ་གར་གཞུང་ལ་དམིགས་བསལ་གྱི་ཐོབ་ཐང་ཞིག་དགོས་ཟེར་གྱི་མེད། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་དགོངས་དོན་ལྟར་འབྲས་ལྗོངས་དང་མཱི་ཛོ་རམ། ཊྲི་པུ་ར་དང་ན་གྷ་ལན་ཌི་སོགས་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཁག་ལ་རང་གི་རིག་གཞུང་དང་སྐད་ཡིག ས་ཆ་དང་ལས་ཀའི་གོ་སྐབས། ཤེས་ཡོན་སློབ་གསོའི་ཐོབ་ཐང་རྣམས་སྲུང་སྐྱོབ་བྱེད་ཆོག་པའི་དབང་ཆད་ཡོད་པ་རྣམས་ལ་དྭགས་ལའང་སྤྲོད་དགོས། ལ་དྭགས་ལ་རྒྱ་གར་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་ལས་ཀྱང་ཚོ་ཤོག་གི་ཆ་རྐྱེན་མང་བ་ཚང་ཡོད་ཅེས་རྩོད་པ་རྒྱག་གི་ཡོད་པར་མ་ཟད། ལ་དྭགས་ཀྱི་ཆགས་ཡུལ་དེ་ཉིད་གངས་རི་དང་འཁྱག་རོམ། ཆུ་བོ་ཆེན་པོ་རྣམས་ཀྱི་འབྱུང་ཁུངས་ཡིན་ཞིང་། ད་དུང་ལ་དྭགས་ཀྱི་ཆགས་ཡུལ་དེ་ཉིད་རྒྱ་གར་གྱི་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ། དེས་ན་རྒྱ་གར་གཞུང་གིས་ཕུགས་རྒྱང་རིང་པོར་དམིགས་ནས་ལ་དྭགས་མི་དམངས་ཀྱི་འདོད་པ་ཚིམས་པ་ཞིག་བསྒྲུབ་དགོས་ཞེས་དགོས་འདུན་བཏོན་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG