Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༡

བལ་པོའི་ཨ་མ་ཞིག་གིས་རང་གི་བུའི་དོན་དུ་ཨུ་རུ་སུར་ཞུ་འབོད།


༄༅།། ཉེ་དུས་ཤིག་ནས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོའི་གླས་དམག་ཚོར་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་ཚབས་ཆེན་འབྱུང་གི་ཡོད་པའི་གསར་འགྱུར་རབ་དང་རིམ་པ་ཞིག་ཐོན། བལ་པོའི་ཨ་མ་དབང་པོ་སྐྱོན་ཅན་ཞིག་དང་བཟའ་མི་ཚོས་ཁྱིམ་ཚང་དེའི་བུ་རྒན་པ་ཡུཀ་རེན་གྱི་དམག་ས་ནས་རང་ཡུལ་དུ་ཕྱིར་སློག་བྱ་དགོས་ཞེས་ཨུ་རུ་སུའི་གཞུང་ལ་འབོད་སྐུལ་ཞུས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༡༦་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་ན་༢༠་ཐམ་པར་སོན་པའི་བལ་པོ་ཡོག་གྷི་རི་ཟླ་ཤས་གོང་དུ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་ལ་བསྐྱོད། ད་ལྟ་ལོ་ན་༤༦་ལ་སོན་པའི་ཨུ་མ་ཀུ་མ་རི་ཞེས་པའི་ཨ་མ་དབང་པོ་སྐྱོན་ཅན་དེས་ང་ནི་རང་གི་བུའི་བདེ་འཇགས་དོན་དུ་སེམས་ཁྲལ་ཆེན་པོ་ཡོང་གི་འདུག ང་ཚོ་དབུལ་ཕོངས་ཡིན་རུང་རྒྱུ་དངོས་དགོས་མཁོ་ཆེན་པོ་མེད། ང་ཚོས་རང་ཡུལ་དུ་འཚོ་ཐབས་ཤིག་རྙེད་ཀྱི་རེད། ངའི་བུ་དེ་གང་མགྱོགས་རང་ཡུལ་དུ་ཕྱིར་སློག་བྱོས་ཞེས་ནན་གྱིས་བསྐུལ།།

ལོ་ན་༤༨་ལ་སོན་པའི་བུ་དེའི་ཨ་ཕ་དྷུན་དྷ་གྷུ་རི་ནི་ཞིང་པ་ཞིག་ཡིན་པ་དང་བུ་རྒན་པ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་དམག་སར་ལུས་ཡོད་པ་ཤེས་རྟོགས་བྱུང་སྟེ་ཧང་སང་དགོས་པ་ཞིག་ཏུ་གྱུར། ཨ་ཕ་དེས་ང་ནི་བུ་དང་ཆུང་མ་གཉིས་ལ་སེམས་ཁྲལ་ཡོང་གི་འདུག ཨ་མས་བུའི་དོན་དུ་སེམས་ཁྲལ་ཁོ་ན་བྱེད་ཀྱི་འདུག ང་ཚོའི་བུ་རྒན་པ་ཨུ་རུ་སུར་མ་བསྐྱོད་གོང་དུ་ཁྱིམ་ཚང་གི་བཟའ་མི་རྣམས་གསོ་རོགས་བྱས་པ་རེད། བུའི་སྲིང་མོ་གཉིས་མཐོ་འབྲིང་སློབ་གྲྭར་ཡོད་པ་དང་གཅུང་པོར་ལས་ཀ་མེད་པར་ཁྱིམ་དུ་བསྡད་ཡོད། ངའི་བུ་ཏན་ཏན་འགྲོ་བ་མི་ནག་ཚོང་རྒྱག་མཁན་དེ་དག་གི་གཡོ་འོག་ཏུ་ཚུད་པ་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག ཕོ་གསར་ཡོག་གྷི་རིས་ང་ལ་ཚེ་སྲོག་ལས་རྩ་ཆེ་བ་ཅི་ཡང་མེད། ང་ནི་རང་ཡུལ་དུ་ལོག་འདོད་ཡོད། ངའི་ཚེ་སྲོག་སྐྱོབ་རོགས་བྱོས། ང་རང་ན་ནིང་ཕྱི་ཟླ་༡༡་པ་ནས་བྷག་མུ་ཏ་གྲོང་ཁྱེར་ལ་བཏང་སྟེ་དམག་འཁྲུག་ལ་ཞུགས་ཡོད། ཡུཀ་རེན་གྱི་དམག་ས་ཁག་ཧ་ཅང་གི་ཉེན་ཚབས་ཆེན་པོ་རེད་ཅེས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་བཀྲམ།།

ཡོག་གྷི་རིས་བཀྲམ་པའི་བརྙན་ཐུང་དེའི་ནང་དུ་ང་བྷིམ་ཏི་ཝ་རི་ཞེས་པའི་མི་ཞིག་གིས་མགོ་སྐོར་བཏང་ནས་ཨུ་རུ་སུའི་དམག་ཁོངས་སུ་བཅུག་པ་རེད། ང་ཚོས་བག་ལེབ་ཅུང་ཟད་རེ་དང་ལྕགས་ཀྲིན་ནང་གི་ཟས་རིགས། སྐམ་ཟས་ལ་བརྟེན་ནས་དམག་འཁྲུག་རྒྱག་དགོས་ཀྱི་འདུག ང་ཚོ་འབྲས་དང་སྲན་ལྡུར། སྔོ་ཚོད་བཅས་ལ་ལོབས་ཡོད་པས་ཨུ་རུ་སུའི་ཟས་རིགས་ལ་གོམས་དཀའ། ང་ལ་རྨས་སྐྱོན་ཕོག་ཀྱང་གྱོང་གསོབ་དངུལ་སྒོར་ཨུ་རུ་སུའི་རུ་བྷུལ་གཅིག་ཀྱང་རག་མ་བྱུང་། སྔོན་ཆད་ང་རྒྱལ་ས་ཀ་ཐ་མན་རྡུར་བཟོ་གྲྭ་ཞིག་གི་ནང་དུ་ངལ་རྩོལ་བརྒྱུགས་མྱོང་། ངའི་གླ་ཕོགས་དེས་ཁྱིམ་ཚང་གི་བཟའ་མི་རྣམས་གསོ་མ་ཐུབ། ང་ལ་བྷིམ་ཏི་ཝ་རི་ཞེས་པ་ཞིག་གིས་ཨུ་རུ་སུར་ལས་ཀར་ཕྱིན་ན་ཟླ་བ་རེར་བལ་སྒོར་འབུམ་༣་ལྷག་གླ་ཕོགས་རག་གི་རེད་ཟེར་བྱུང་། ཁོ་པས་ང་ལ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་དགོས་པའི་སྐད་ཆ་ཚིག་གཅིག་བཤད་མྱོང་མེད། བྷིམ་ཏི་ཝ་རིས་ང་ཨུ་རུ་སུར་འཁྲིད་པར་བལ་སྒོར་ས་ཡ་གཅིག་གླ་ཆ་བླངས་སོང་ཞེས་བཀྲལ།།

ཡོག་གྷི་རིས་མུ་མཐུད་དུ་ཧི་མ་ལ་ཡ་ཉིན་རེའི་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ངས་ཉི་མ་རེ་ཟུང་ལ་ཡིག་ཆ་གྲ་སྒྲིག་བྱས་པ་དང་དེའི་རྗེས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་འབྱོར། ང་ལྡི་ལིར་འབྱོར་དུས་ཨུ་ཛི་བྷེ་ཀི་སི་ཐན་བརྒྱུད་ནས་ཨུ་རུ་སུར་འགྲོ་མཁན་བལ་པོ་༧་ལ་ཕྲད། ང་ཚོ་འགག་སྒོ་ནས་བདེ་བླག་ཏུ་ཐར་ཏེ་ཨུ་རུ་སུར་བསྐྱོད། གནམ་ཐང་དུ་སྐད་ཆ་འགའ་ཞིག་དྲིས་ཀྱང་མི་ཞིག་ལེན་དུ་ཡོང་སྟེ་དམག་བསྡུ་ཁང་ལ་བསྐྱལ་སོང་། སྐབས་དེར་ང་མགོ་སྐོར་འོག་ཏུ་ཚུད་པ་ཤེས་རྟོགས་བྱུང་ཡང་ཕྱི་དྲགས་འདུག ང་ཚོར་ཟླ་བ་གཅིག་ལའང་དམག་སྦྱོང་མ་སྤྲད་པར་ཡུཀ་རེན་གྱི་བྷག་མུ་ཏ་གྲོང་ཁྱེར་དུ་བཏང་སོང་། ངས་དམག་འཁྲུག་གི་འཇིགས་སྣང་དེ་སྐད་ཆའི་ལམ་ནས་འགྲེལ་བཤད་རྒྱག་ཐུབ་ཀྱི་མི་འདུག ཕྱོགས་ཀུན་ཏུ་མེ་མདའི་སྐད་དང་འཕུར་མདེལ། འབར་རྫས་གས་འཐོར་གྱི་སྒྲ་སྐད་ལས་ཐོས་རྒྱུ་མི་འདུག་ཅེས་བཤད།།

ཨུ་རུ་སུའི་དམག་མི།
ཨུ་རུ་སུའི་དམག་མི།

ཡོག་གྷི་རིས་ངའི་དཔུང་པར་འཐབ་རའི་ནང་དུ་རྨས་སྐྱོན་ཕོག་སྟེ་ཉི་མ་༢༢་ལ་ཨབ་ཌིབ་ཀ་གྲོང་རྡལ་གྱི་སྨན་ཁང་དུ་སྨན་བཅོས་བྱས་པ་ཡིན། ང་ཚོའི་རུ་ཤོག་ནང་དུ་ཨ་ཧྥི་རི་ཀའི་རྒྱལ་ཁབ་གྷ་ན་དང་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཨུ་ཛི་བྷེ་ཀི་སི་ཐན་སོགས་རྒྱལ་ཁབ་འདྲ་མིན་གྱི་གླས་དམག་ཡོད་ཀྱང་བལ་པོ་མི་འདུག ང་སྨན་ཁང་དུ་བལ་པོ་གཞན་པ་༢་ལ་ཐུག་སྟེ་ང་ཚོ་བྲོས་བྱོལ་དུ་འགྲོ་རྒྱུའི་གྲོས་སྡུར་བྱས་པ་ཡིན། ང་ཚོས་རང་གི་དཔང་ཡིག་རྣམས་མེད་པར་བཏང་སྟེ་བྲོས་ཀྱང་ས་མཚམས་སུ་བཟུང་ནས་སླར་ཡང་དམག་སྒར་དུ་བསྐྱལ། ཡུཀ་རེན་གྱི་དམག་སའི་ཛ་དྲག་ནི་ཉིན་རེ་བཞིན་ཇེ་ཆེ་རེད། ང་ཚོར་ཅི་ཞིག་ཡིན་རུང་འབྱུང་སྲིད། ང་ནི་རང་གི་ཚེ་སྲོག་དང་བལ་ཡུལ་དུ་ལུས་ཡོད་པའི་ཕ་མ་སོགས་ལ་སེམས་ཁྲལ་ཡོང་གི་འདུག བལ་ཡུལ་གྱི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་པའི་བལ་པོ་རྣམས་རང་ཡུལ་དུ་ལེན་ཐབས་བྱོས་ཞེས་འབོད་སྐུལ་ཞུས།།

ཨ་ཕ་དྷུན་དྷ་གྷུ་རིས་ང་ཚོའི་ཁྱིམ་ཚང་ལ་བལ་སྒོར་ས་ཡ་གཅིག་གཏན་ནས་མེད། མི་ཞིག་གི་ལག་ནས་སྐྱེད་ཀ་མཐོ་བའི་བུ་ལོན་བླངས་ཏེ་འགྲོ་གྲོན་བཏང་བ་ཡིན། ད་ལྟ་ང་ཚོ་ཁང་སྟོང་བདག་མེད་ཅིག་གི་ནང་དུ་གནས་སྡོད་བྱེད་ཀྱི་ཡོད། ང་ཚོས་རང་གི་བུ་སྐྱོབ་ཐབས་སུ་ཅི་ཞིག་བྱ་དགོས་པ་དང་གང་དུ་འགྲོ་དགོས་པ། སུ་ལ་བཤད་དགོས་པ་སོགས་ཤེས་ཀྱི་མི་འདུག ང་ཚོ་ས་གནས་ཀྱི་འཐུས་མི་རྣམས་དང་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོ། གཞུང་གི་བློན་ཆེན་རིམ་པའི་དྲུང་དུ་བཅར་ནས་ང་ཚོའི་བུ་ཨུ་རུ་སུ་ནས་རང་ཡུལ་དུ་ལེན་རོགས་བྱོས་ཞེས་ཞུ་བ་འཐེན་ཡང་གྲུབ་འབྲས་ཐོན་མ་སོང་ཞེས་གསར་འགོད་པའི་མདུན་དུ་སྡུག་སྐད་བརྒྱབ། བལ་ཡུལ་གཞུང་གིས་རང་གི་སྤྱི་དམངས་ཅི་ཙམ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་མེད་གྲངས་ཀ་གསལ་པོ་ཞིག་ཤེས་ཀྱི་མེད་མོད། ཉམས་ཞིབ་པ་ཚོས་བལ་པོ་༡༥༠༠༠་ཡས་མས་ཤིག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་འདུག་ཅེས་སྙན་ཐོ་བཏོན།

ཨུ་རུ་སུའི་དམག་མི།
ཨུ་རུ་སུའི་དམག་མི།

ཕྱི་ཟླ་༤་པའི་ཚེས་༣་ཉིན་འཇར་མན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་ནི་ཨུ་རུ་སུའི་གླས་དམག་བསྡུ་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། བལ་པོ་སྟོང་ཕྲག་མང་པོ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ལྷགས། བལ་པོའི་གླས་དམག་ཕལ་ཆེ་བར་སྦྱོང་བརྡར་མ་ཐོབ་པར་དམག་སར་གཏོང་གི་འདུག་ཟེར། སུ་མན་ར་ཡེ་ཞེས་པའི་བལ་པོ་ཞིག་གིས་དམག་སར་བསད་པ་ཚོར་ཨུ་རུ་སུས་བདག་པོ་རྒྱག་གི་མི་འདུག སྨན་བཅོས་བྱས་ན་དྲག་རྒྱུའི་རེ་བ་ཡོད་པ་རྣམས་བསྐྱབས་ནས་སྨན་བཅོས་བྱེད་ཀྱི་ཡོད་ཀྱང་སྨན་བཅོས་བྱས་ན་དྲག་རྒྱུའི་རེ་བ་མེད་པ་རྣམས་དམག་སར་གསོད་པའམ། ཡང་ན་ཤི་རུ་འཇུག་གི་འདུག་ཅེས་སྐྱོན་བཙུགས། སུ་མན་ར་ཡེ་དམག་ས་ནས་བྲོས་ཐར་ཀྱང་བལ་པོའི་གླས་དམག་གཞན་རྣམས་ཐར་གྱི་མེད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་དོན་གཅོད་ཚན་པའི་སྤྱི་ཁྱབ་འགན་འཛིན་པྲ་ཀ་ཤ་མན་ཌི་པོ་ཌེལ་གྱིས་བལ་པོ་༡༩་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པ་དང་མི་༦་ཡུཀ་རེན་གྱིས་འཛིན་བཟུང་བྱས་པ་ངེས་གཏན་བྱེད་ཐུབ་ཀྱི་འདུག བལ་པོའི་གླས་དམག་༢༨༥་འཆི་གསོན་ཅི་ཡིན་དང་གར་སོང་ཆ་མེད་དུ་གྱུར་ནས་རྙེད་ཀྱི་མི་འདུག ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ཁོངས་སུ་བལ་པོ་ཅི་ཙམ་ཞུགས་ཡོད་མེད་རྩད་གཅོད་ཐུབ་མ་སོང་ཞེས་སྨྲས། ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་བལ་པོ་ཁག་ཅིག་གི་ཕུང་པོ་རང་ཡུལ་དུ་མ་འཕྲོད། འདས་པའི་ལོ་གཉིས་ལྷག་གི་རིང་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་འབུམ་༣་དང་ཁྲི་ཚོ་༦་ལྷག་བསད་རྨས་བྱུང་བའི་མང་ཆེ་བ་ནི་ཌ་གྷེ་སི་ཐན་གྱི་ཁ་ཆེ་དང་བྷུ་རི་ཡ་ཐ་སོགས་ཀྱི་སོག་རིགས་ནང་པ་སྟེ། ཨུ་རུ་སུའི་གྲངས་ཉུང་མི་རིགས་ཁག་ཡིན་པ་དང་དེའི་འཕྲོ་ནས་བལ་པོ་དང་རྒྱ་གར་བ། ཀུ་པ་བ་དང་སིངྒ་ལའི་གླས་དམག དཀྱིལ་ཤར་ས་ཁུལ་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་གླས་དམག་རྣམས་ཡིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG