Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

ལྕམ་ཕེ་ལོ་སི་ཐེ་ཝན་ལ་ཕེབས་པ་དང་རྒྱ་ནག་གིས་དམག་སྦྱོང་། 


༄༅།། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་ནས་གཟའ་ལྷག་པའི་ཉིན་སྲིད་འཛིན་ཚེ་དབྱིན་ཝེན་ལ་མཇལ་འཕྲད་གྲོས་མོལ་དང་ཐེ་ཝན་གྲོས་ཚོགས་ལ་གཏམ་བཤད། ཁོང་གིས་འགོ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་གཟའ་མིག་དམར་གྱི་མཚན་མོར་ཐེ་ཝན་མཚོ་གླིང་དུ་འབྱོར། རྒྱ་ནག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་ལ་འཚམས་འདྲིར་ཕེབས་ན་མཇུག་འབྲས་ཚབས་ཆེན་ཞིག་འབྱུང་རྒྱུའི་ཉེན་བརྡ་བཏང་ཡང་ནན་སི་ཕེ་ལི་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་རྒྱུ་འགོག་མ་ཐུབ། ཕྱི་ཟླ་༨་པའི་ཚེས་༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སིས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་མཇལ་འཕྲད་གྲོས་མོལ་གནང་བའི་སྐབས་སུ་ང་ཚོའི་སྐུ་ཚབ་ཚོགས་པ་ཐེ་ཝན་ལ་བཅར་ནས་ཨ་མི་རི་ཀས་ཐེ་ཝན་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུ་མིན་ཞེས་གོ་ནོར་ཐེབས་ས་མེད་པའི་བརྡ་ཞིག་གཏོང་གི་ཡོད། ད་ལྟ་ནི་ཨ་མི་རི་ཀས་སྔར་ལས་ལྷག་པའི་ཐེ་ཝན་དང་ལངས་ཕྱོགས་གཅིག་གྱུར་བྱེད་དགོོས་པའི་དུས་སུ་བབས་ཡོད། འདི་ནི་དེ་རིང་ང་ཚོས་ཐེ་ཝན་ལ་ཞུ་རྒྱུའི་གཏམ་འཕྲིན་ཡིན། སྲིད་འཛིན་ཚེ་དབྱིན་ཝེན་ནས་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་པར་ང་ཚོས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོར་འཛམ་གླིང་ཡོངས་ལ་དེ་ལྟར་ངོས་འཛིན་བྱེད་དུ་འཇུག་འདོད་ཡོད་ཅེས་གཏམ་བཤད་གནང་འདུག དེ་བཞིན་ལྕམ་ཕེ་ལོ་སིས་ཐེ་ཝན་གྱི་གྲོས་ཚོགས་ལ་གསུང་བཤད་གནང་བའི་སྐབས་སུ་ཨ་རིའི་གྲོས་ཚོགས་ཀྱིས་ཨ་མི་རི་ཀ་དང་ཐེ་ཝན་གཉིས་ཅིབ་ལེབ་(chip)ཀྱི་བཟོ་ལས་མཉམ་འབྲེལ་བྱེད་ཐུབ་པའི་གྲོས་ཆོད་བཞག་སྟེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས་མཉམ་འབྲེལ། ཨ་མི་རི་ཀ་དང་ཐེ་ཝན་གྱི་ཚོང་ལས་གོ་སྐབས་རྒྱ་ཆེ་རུ་གཏོང་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་འདུག

༢༠༢༢ ལོའི་ཟླ་༨ ཚེས་༣ ཉིན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཨ་རིའི་ཚོགས་གཙོ་པེ་ལོ་སིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པར་གསོལ་སྟོན་གནང་བ་དང་། ཐེ་ཝན་གློག་ལམ་ཉིང་འདུས་ཅིབ་ལེབ་བཟོ་གྲྭའི་འགོ་ཁྲིད་ཀྱང་མཉམ་ཞུགས་བྱས་ཡོད།
༢༠༢༢ ལོའི་ཟླ་༨ ཚེས་༣ ཉིན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཨ་རིའི་ཚོགས་གཙོ་པེ་ལོ་སིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པར་གསོལ་སྟོན་གནང་བ་དང་། ཐེ་ཝན་གློག་ལམ་ཉིང་འདུས་ཅིབ་ལེབ་བཟོ་གྲྭའི་འགོ་ཁྲིད་ཀྱང་མཉམ་ཞུགས་བྱས་ཡོད།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་པ་དེར་རྒྱ་ནག་གིས་ངོ་རྒོལ་དྲག་པོ་དང་ཐེ་ཝན་ལ་འཇིགས་སྐུལ། དཔེར་ན་རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་གནམ་མཚོ་གཉིས་ཀྱི་དམག་སྦྱོང་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། པེ་ཅིང་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་འབོད་འགུགས་བྱས་ནས་ངོ་རྒོལ་བྱས་པར་མ་ཟད། རྒྱ་ནག་གིས་ཐེ་ཝན་ནས་ཤིང་ཏོག་སོགས་ཞིང་ལས་ཀྱི་ཐོན་སྐྱེད་ཁག་ཅིག་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན། རྒྱ་ནག་གིས་ཐེ་ཝན་ལ་བྱེ་མ་སོགས་དངོས་ཟོག་ཁག་ཅིག་ཕྱིར་ཚོང་བྱེད་ཀྱི་ཡོད་པའང་འགོག་རྒྱུ་ཡིན་ཞེས་ལན་པ་བསློགས། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ནན་སི་ཕེ་ལོ་སིའི་འཚམས་འདྲི་དེར་ཡིག་ངག་གཉིས་ནས་ཁ་རྡུང་དྲག་པོ་གཏོང་རྒྱུ་མགོ་བརྩམས། ནན་སི་ཕེ་ལོ་སི་དང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཐེ་ཝན་ལ་འབྱོར་བའི་བརྙན་འཕྲིན་དེར་རྒྱ་ནག་གི་སྐད་འཕྲིན་ནང་དུ་མི་གྲངས་ས་༢༢་ལྷག་གིས་བལྟས། རྒྱ་ནག་པ་ཁག་ཅིག་གིས་མི་དམངས་བཅིངས་འགྲོལ་དམག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་ཨ་མི་རི་ཀར་ལན་པ་སློག་དགོས་ཞེས་ངར་ལངས། མི་ལ་ལས་རྒྱ་ནག་གིས་དམག་བཏང་སྟེ་ནན་སི་ཕེ་ལོ་སིའི་འཚམས་འདྲི་བཀག་འགོག་བྱེད་མ་ཐུབ་པ་ནི་ཐབས་རྡུགས་རེད་ཅེས་མཆན་བྲིས། ནན་སི་ཕེ་ལོ་སིའི་གནམ་གྲུ་ཐེ་ཝན་གྱི་ས་ཐོག་ཏུ་མ་བབས་གོང་དེར་རྒྱ་ནག་གི་ཝི་པོ་དྲྭ་ཚིགས་ལ་ལྟ་མཁན་མང་དྲགས་ཏེ་སྐུད་ལམ་འགགས། ཝི་པོ་དྲྭ་ཚིགས་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་ལ་འཚམས་འདྲིར་ཕེབས་པ་དེར་ལྟ་མཁན་མང་དྲགས་པས་རེད་ཅེས་འགྲེལ་བཤད་མ་བརྒྱབ་པར་མི་ཚོགས་མང་དྲགས་ནས་དྲྭ་ཚིགས་ཀྱིས་མ་ཁྱོག་པར་འགགས་པ་རེད་ཅེས་བཀྲལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ནན་སི་ཕེ་ལོ་སིས་མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་དང་ཨ་རྒྱའི་འབྲེལ་བར་འགལ་ཟླ་ཆེན་པོ་བསླངས་སོང་ཞེས་སྐྱོན་བརྗོད་བྱས་འདུག

༡༩༩༡་ལོར་ནན་སི་ཕེ་ལོ་སི་དང་ཨ་རིའི་གྲོས་ཚོགས་འཐུས་མི་བྷན་ཇཱོན་སི། ཇཱོན་མཱི་ལར་བཅས་ཀྱིས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་འཕྲེད་དར་ཞིག་ཕྱར་ནས་རྒྱ་ནག་གཞུང་གིས་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པར་ངོ་རྒོལ།
༡༩༩༡་ལོར་ནན་སི་ཕེ་ལོ་སི་དང་ཨ་རིའི་གྲོས་ཚོགས་འཐུས་མི་བྷན་ཇཱོན་སི། ཇཱོན་མཱི་ལར་བཅས་ཀྱིས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་འཕྲེད་དར་ཞིག་ཕྱར་ནས་རྒྱ་ནག་གཞུང་གིས་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པར་ངོ་རྒོལ།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ནི་ལོ་མང་གོང་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་སྐྱོན་བརྗོད་བྱེད་མཁན་ཞིག་དང་ཡུན་རིང་གི་བོད་དོན་རྒྱབ་སྐྱོར་བ། ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་གླེང་སློང་བྱེད་མཁན་ཞིག་ཡིན་ཞིང་། ༡༩༩༡་ལོར་ནན་སི་ཕེ་ལོ་སི་དང་ཨ་རིའི་གྲོས་ཚོགས་འཐུས་མི་བྷན་ཇཱོན་སི། ཇཱོན་མཱི་ལར་བཅས་ཀྱིས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་འཕྲེད་དར་ཞིག་ཕྱར་ནས་རྒྱ་ནག་གཞུང་གིས་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པར་ངོ་རྒོལ། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུའང་རྒྱ་ནག་གིས་བཀག་ཉར་བྱས་མྱོང་བའི་ཧོང་ཀོང་གི་དཔེ་དེབ་ཚོང་པ་ཞིག་དང་ཉེ་ཆར་རྒྱ་ནག་གིས་གློད་གྲོལ་བཏང་བའི་ཐེ་ཝན་གྱི་ལས་འགུལ་བ་ཞིག་ལ་ཐུག་འཕྲད་གནང་འདུག ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་པ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་མིན་ཞིང་། ༡༩༩༧་ལོར་སྐབས་དེའི་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནེའུ་གྷིང་རི་ཆི་ཐེ་ཝན་ལ་འཚམས་འདྲིར་ཕེབས་ནས་སྲིད་འཛིན་གཞོན་པ་ལཱེན་ཀྲན་སོགས་ལ་ཐུག་འཕྲད་གྲོས་མོལ་གནང་མོད། འོན་ཀྱང་ནན་སི་ཕེ་ལོ་སིའི་ཐེ་ཝན་གྱི་འཚམས་འདྲི་ནི་ཨ་རི་དང་རྒྱ་ནག་གི་འབྲེལ་བ་བཟང་པོ་མེད་པ་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རྒྱ་ནག་གིས་དངོས་ཟོག་ཁག་ལ་སྒོ་ཁྲལ་སྤར་བ་སྲིད་འཛིན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་རྒྱུན་འཁྱོངས། ཨ་རྒྱ་གཉིས་ཀྱི་འབྲེལ་བ་ཧ་ཅང་སྡུག་ཏུ་ཕྱིན་ཏེ་ཡར་རྒྱས་གཏོང་དཀའ་བ། ལྷག་པར་དུ་རྒྱ་ནག་དཔལ་འབྱོར་དང་དམག་དོན་ཐོག་ཏུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པའི་དུས་སྐབས། ད་དུང་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་ཡོད་པ་བཅས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་པ་ཚོར་སྐྱེན་རྣོ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཞུང་གིས་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་པར་རྒྱ་ནག་གིས་ལན་ཁག་དཀྲིས་ནས་དམག་སྦྱོང་བྱེད་ཀྱི་འདུག མཚོ་འགག་ཕྱོགས་གཉིས་བཙན་ཐབས་ཀྱིས་གཅིག་གྱུར་བྱ་རྒྱུའི་ངན་ཇུས་གཤོམ་གྱི་འདུག་ཅེས་སྐྱོན་བཙུགས། ཁ་སང་གཟའ་མིག་དམར་ཉིན་ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་ང་ཚོ་རྒྱ་ནག་གི་འཇིགས་སྐུལ་ལ་སྐྲག་ནས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་ལ་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འཐེན་བྱེད་སྲིད་ཀྱི་མ་རེད། རྒྱ་ནག་གིས་ནན་སི་ཕེ་ལོ་སིའི་ཐེ་ཝན་གྱི་འཚམས་འདྲི་དེ་ཛ་དྲག་ཅན་ཞིག་ལ་བསྒྱུར་དགོས་དོན་མེད། པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་ཝན་ལ་དཔལ་འབྱོར་དང་ཚོང་ལས་ཐོག་ཏུ་གནོན་ཤུགས་སྤྲོད་ཐབས་བྱེད་སྲིད། ཨ་རི་དང་རྒྱ་ནག་གི་འབྲེལ་བ་གང་འདྲ་ཞིག་ལ་འགྱུར་དུ་འཇུག་རྒྱུ་ཡིན་མིན་ནི་རྒྱ་ནག་གི་སྤྱོད་པར་རག་ལས་པ་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཨ་མི་རི་ཀས་ཐེ་ཝན་ལ་གཞུང་འབྲེལ་གྱི་འབྲེལ་བ་བཙུགས་མེད་པ་དང་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན། མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་ཆིངས་ཡིག་ལ་མིང་རྟགས་བཀོད། ཡིན་ནའང་༡༩༧༩་ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་དགོས། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ན་ཨ་མི་རི་ཀས་བར་འགོག་བྱ་དགོས་ཞེས་ཁྲིམས་ཡིག་གཏན་ལ་ཕབ། ཨ་རིའི་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གཉིས་ཀས་ཐེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག

རྒྱ་ནག་གིས་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན། མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་དགོས། གལ་སྲིད་ཐེ་ཝན་གྱི་འགོ་ཁྲིད་ཚོས་རང་བཙན་དོན་གཉེར་བྱེད་ན་རྒྱ་ནག་གིས་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་ངར་སྐད་བསྒྲགས། ཐེ་ཝན་གཞུང་གིས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱེད་དགོས་མིན་ནི་རྒྱ་ནག་གིས་བཙན་བཀའ་བཏང་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན། ཐེ་ཝན་མི་དམངས་ས་ཡ་༢༣་གྱིས་རང་གི་མདུན་ལམ་ཐག་གཅོད་བྱ་དགོས་ཞེས་དགག་པ་བརྒྱབ། དེ་རིང་གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་བློན་ཆེན་ལྷན་ཁང་གིས་རྒྱ་ནག་གི་དམག་སྦྱོང་ལ་དོགས་ཟོན་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་ཅེས་གནས་ཚུལ་སྤེལ། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་གཟའ་མིག་དམར་ཉིན་རྒྱ་ནག་གི་དམག་དོན་གནམ་གྲུ་༢༡་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱས་སོང་། རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་མཚོ་ནང་དུ་ཆགས་པའི་གྲུ་ཁ་དང་གླིང་ཕྲན་ཁག་ལ་བཙན་འཛིན་བྱ་རྒྱུའི་དམག་སྦྱོང་བྱེད་ཀྱི་འདུག རྒྱ་ནག་གིས་དམག་སྦྱོང་ཟེར་བ་དེ་ཐེ་ཝན་མཚོ་འགག་དང་རྒྱ་གར་རྒྱ་མཚོ། ཞི་བདེ་རྒྱ་མཚོ་བཅས་རྒྱལ་སྤྱིའི་མཚོ་ནང་དུ་བྱེད་ཀྱི་འདུག རྒྱ་ནག་གིས་ཐེ་ཝན་མཚོ་འགག་རྒྱལ་སྤྱིའི་མཚོ་ཁོངས་མིན་པ་ཞིག་ལ་བསྒྱུར་ཐབས་དང་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་ཐམས་ཅད་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་ཡུལ་དུ་བསྒྱུར་རྒྱུའི་ཧམ་སེམས་འཆང་ཡོད་པ་གསལ་པོ་རེད་ཅེས་བསྟན། སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཨ་མི་རི་ཀར་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་རྒྱུ་འགོག་དགོས་ཞེས་ཨུ་ཚུགས་རྒྱག་གི་འདུག དེ་ནི་རྒྱ་ནག་གཞུང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་བཙན་བཀའ་གཏོང་ཆོག་པ་ལྟར་ཨ་རིའི་གཞུང་གིས་ཀྱང་གྲོས་ཚོགས་ཀྱི་ཚོགས་གཙོར་བཀའ་གཏོང་ཆོག་གི་ཡོད་པ་རེད་བསམ་གྱི་ཡོད་པའི་རྟགས་མཚན་རེད། ཨ་རིའི་གྲོས་ཚོགས་དང་ཆེས་མཐོའི་ཁྲིམས་ཁང་། སྲིད་གཞུང་གསུམ་ནི་དབང་ཚད་འདྲ་མཉམ་ཡོད་པ་དང་ལས་འགན་ཐ་དད་ཡིན་པའི་དམངས་གཙོའི་སྲིད་གཞུང་གི་སྒྲིག་འཛུགས་གསུམ་ཡིན་པ་རྒྱ་ནག་གིས་ཤེས་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG