Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་བསྐྱར་ཟློས།


གྲོས་ཚོགས་འོག་མའི་འཐུས་མི་ཇཱེཀ་བྷར་གྷ་མན་དང་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་སྐབས་
གྲོས་ཚོགས་འོག་མའི་འཐུས་མི་ཇཱེཀ་བྷར་གྷ་མན་དང་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་སྐབས་

༄༅།། ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་དུ་འཚམས་འདྲིར་འབྱོར། ཕྱི་ཟླ་༣་པའི་ཚེས་༢༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ཕུར་བུའི་ཉིན་གྲོས་ཚོགས་འཐུས་མི་ཚོས་ཐེ་ཝན་གྱི་སྲུང་སྐྱོབ་ལ་ཨ་མི་རི་ཀས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྐྱར་དུ་བཟློས། ཉིན་ཤས་སྔོན་དེར་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༣་གྱི་དམག་དོན་རོགས་དངུལ་སྤྲོད་རྒྱུའི་ཆོག་མཆན་བཀོད། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་འགྲོ་གྲོན་ཁོངས་སུ་ཐེ་ཝན་མཚོ་འགག་ཏུ་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་ཀྱི་ཡོད་པ་འགོག་ཐབས་སུ་ཨ་སྒོར་དུར་ཕྱུར་༤་འགྲོ་གྲོན་སྤྲད། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཁ་སང་གཟའ་ལྷག་པ་ནས་སང་ཉིན་གཟའ་པ་སངས་བར་དུ་མཚོ་གླིང་དེར་བསྡད་ནས་སྲིད་འཛིན་ཚེ་དབྱིན་ཝེན་དང་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེ། འདེམས་ཐོན་སྲིད་འཛིན་གཞོན་པ་ཞའོ་མེ་ཆིང་སོགས་ལ་ཐུག་འཕྲད་གྲོས་མོལ་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག

སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཇཱེཀ་བྷར་གྷ་མན་གྱིས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་བྱས་ཡོད་པར་མ་ཟད། ཁོང་ནི་ཨ་རིའི་གྲོས་ཚོགས་ཀྱི་གསང་བའི་ལས་དོན་དང་དམིགས་བསལ་ཚོགས་ཆུང་གི་ལན་ལག་ཚོགས་པའི་ཚོགས་གཙོ་ཡིན་ཞིང་། ཁོང་གིས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་སྐབས་སུ་ང་ཚོའི་འཐབ་ཇུས་ཀྱི་འབྲེལ་བ་ནི་མ་འོངས་པར་མངའ་ཁུལ་འདིའི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུར་གནད་འགག་ཆེན་པོ་ཡིན་པ་བསྐྱར་ཟློས་བྱེད་ཀྱི་ཡོད། ང་ཚོའི་འཐབ་ཇུས་ཀྱི་ཁོངས་སུ་ཐེ་ཝན་གྱི་མཚོ་ཁོངས་འདུས་ཡོད། ང་ཚོ་མཉམ་འབྲེལ་བྱས་ནས་རྒྱ་ནག་གི་བཙན་དྲག་ཨེ་ཤི་ཡ་ཡོངས་སུ་ཁྱབ་ཀྱི་ཡོད་པ་འགོག་ཐབས་བྱ་རྒྱུའི་ཐུན་མོང་གི་དམིགས་ཡུལ་བསྒྲུབ་དགོས་ཞེས་བཤད། སྲིད་འཛིན་ཚེ་དབྱིན་ཝེན་ནས་སྲིད་འཛིན་བྷ་ཌན་གྱི་གཞུང་དང་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་བཀའ་དྲིན་ཅེས་ཞེས་ལན་བསློགས།།

གྲོས་ཚོགས་འོག་མའི་འཐུས་མི་ཇཱེཀ་བྷར་གྷ་མན་དང་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་སྐབས་
གྲོས་ཚོགས་འོག་མའི་འཐུས་མི་ཇཱེཀ་བྷར་གྷ་མན་དང་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་སྐབས་

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པའི་ཁོངས་སུ་དམངས་གཙོ་ཚོགས་པའི་འཐུས་མི་ཌོ་ནལ་ནོར་ཀོ་རོ་སི་(Donald Norcross)་དང་ཇཱི་མཱི་པེ་ནེ་ཊ་(Jimmy Panetta)་གཉིས་ཀྱང་ཡོད་ཅིང་། ཕྱི་ཟླ་༣་པའི་ཚེས་༢༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཇཱོ་བྷ་ཌན་དང་ཌོ་ནལ་ཊམ་གཉིས་ཀྱི་སུ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཀྱང་ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུར་འགྱུར་བ་མི་འདུག ང་ཚོས་ཐེ་ཝན་དང་རྒྱ་ནག་གི་གནད་དོན་དེ་ཨ་རིའི་འོས་བསྡུའི་དྲིལ་བསྒྲགས་ལག་ཆ་ཞིག་ཏུ་འགྱུར་སྲིད་པ་འགོག་ཐབས་བྱེད་ཀྱི་ཡོད། ཨ་རིའི་འོས་བསྡུའི་གྲུབ་འབྲས་གང་འདྲ་ཞིག་འབྱུང་རྒྱུ་ཡིན་མིན་བཤད་དཀའ། ཡིན་ནའང་སྲིད་དོན་ཚོགས་པ་གཉིས་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་གསལ་པོ་རེད་ཅེས་གསལ་བསྒྲགས་སྤེལ། ཌོ་ནལ་ཊམ་གྱི་དུས་སུ་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོངས། མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་མཚོ་གླིང་དེར་འཚམས་འདྲིར་ཕེབས་ནས་རྒྱབ་སྐྱོར་བྱས་པ་རྣམས་ཇཱོ་བྷ་ཌན་གྱི་དུས་སུའང་རྒྱུན་བསྐྱངས།།

ཕྱི་ཟླ་༣་པའི་ཚེས་༢༧་ཉིན་ཨ་རིའི་བརྡ་རྟགས་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་ས་ཝ་ཤིང་ཊོན་གྱི་ཤུལ་བཞག་ཐེབས་རྩ་ཁང་གིས་ཐེ་ཝན་ལ་རྒྱ་ནག་གི་བཙན་འཛུལ་བྱུང་ན་ཨ་རིའི་བདེ་འཇགས་ལ་ཉེན་ཁ་འཕྲད་རྒྱུའི་སྙན་ཐོ་བཏོན། ཤུལ་བཞག་ཐེབས་རྩ་ཁང་གི་ཨེ་ཤི་ཡའི་སྡེ་ཚན་གྱི་ཉམས་ཞིབ་པ་མེ་ཁེལ་ཀ་ནིང་ཧམ་གྱིས་ཐེ་ཝན་ལ་དམག་འཁྲུག་ལངས་ན་ཨ་མི་རི་ཀ་བཏང་སྙོམས་སུ་འདུག་མི་ཐུབ། མཚོ་གླིང་དེར་ཨ་རིའི་སྤྱི་དམངས་ཁྲི་ཚོ་མང་པོ་བསྡད་ཡོད་པ་དང་ཞིས་ཅིན་ཕིང་གིས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་ལན་མང་བཟློས་པ་རེད། དམག་འཁྲུག་མ་ལངས་གོང་དུ་ཨ་རིའི་སྤྱི་དམངས་རྣམས་ལེན་དགོས་ཀྱང་དེ་ནི་ཤིན་ཏུ་བསྒྲུབ་ཁག་པོ་ཞིག་ཡིན་པ་འདས་པའི་ལོ་རྒྱུས་ཀྱིས་ར་འཕྲོད། རྒྱ་ནག་གིས་མི་ཚོགས་ཆེ་སར་རྒོལ་རྡུང་བྱས་ནས་ཨ་རི་བ་མང་པོ་གསོད་ངེས་རེད་ཅེས་བསྟན།།

ཉམས་ཞིབ་པ་ཀ་ནིང་ཧམ་གྱིས་༡༩༡༥་ལོར་ཨ་རིའི་རྒྱས་སྤྲོས་ཅན་གྱི་འགྲུལ་སྐྱེལ་གྲུ་གཟིངས་ལུ་སི་ཊ་ཎི་ཡ་ཞེས་པ་དེར་འཇར་མན་གྱི་མཚོ་དམག་གིས་གཏོར་རྒོལ་བྱས་ནས་མཚོ་ནང་དུ་བསྣུབས། ༡༩༤༡་ལོར་ཉི་ཧོང་གིས་ཨ་རིའི་མུ་ཏིག་གྲུ་ཁའི་མཚོ་དམག་གི་རྟེན་གཞིར་རྒོལ་རྡུང་བྱུང་། ༢༠༢༡་ལོར་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀར་རྒོལ་རྡུང་བྱས་ནས་ཨ་རི་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་རྒྱལ་སྤྱིའི་དམག་འཁྲུག་བཅས་ལ་ཞུགས། ཐེ་ཝན་ལ་རྒོལ་རྡུང་བྱས་ན་ཨ་མི་རི་ཀར་ཐད་ཀར་གཏོར་རྒོལ་ཕོག་པ་ཞིག་མིན་རུང་ཨ་རིའི་སྤྱི་དམངས་སྟོང་ཕྲག་མང་པོར་སྲོག་སྐྱོན་ཕོག ཨ་རིའི་གཞུང་གིས་རྒྱ་ནག་ལ་རྒོལ་ལན་མ་སློག་པར་ཨ་མི་རི་ཀའི་མི་དམངས་རྣམས་ཁ་རོག་ཏུ་འདུག་མི་སྲིད། ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལངས་ན་ཨ་རི་དང་རྒྱལ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་ཡོད་པའི་ཉི་ཧོང་དང་ཧྥི་ལི་ཕིན་གཉིས་ཀྱང་དམག་འཁྲུག་དེར་མ་ཞུགས་ཐབས་མེད་དུ་འགྱུར་རྒྱུ་རེད་ཅེས་བཀོད།།

ཧྥི་ལི་ཕིན་གྱི་སྲིད་འཛིན་མར་ཀོ་སི་ཆུང་བས་
ཧྥི་ལི་ཕིན་གྱི་སྲིད་འཛིན་མར་ཀོ་སི་ཆུང་བས་

ཤུལ་བཞག་ཐེབས་རྩ་ཁང་གི་སྙན་ཐོའི་ནང་དུ་༢༠༢༣་ལོའི་ཕྱི་ཟླ་༢་པའི་ནང་ཧྥི་ལི་ཕིན་གྱི་སྲིད་འཛིན་མར་ཀོ་སི་ཆུང་བས་ཐེ་ཝན་མཚོ་འགག་སོགས་སུ་དམག་འཁྲུག་ལངས་ཚེ། ཧྥི་ལི་ཕིན་དམག་འཁྲུག་གི་མདུན་སར་ཁེལ་རྒྱུ་དང་ང་ཚོ་འཐབ་འཁྲུག་དེར་མ་ཞུགས་པར་འདུག་ས་ཡོད་པ་ཞིག་མཐོང་གི་མི་འདུག་ཟེར། ༢༠༢༡་ལོར་ཉི་ཧོང་གི་སྲིད་བློན་ཟུར་པ་ཤཱིན་ཛོ་ཨ་བྷེས་ཐེ་ཝན་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཚུད་ན་ཉི་ཧོང་ལ་ཉེན་ཁ་འཕྲད་རྒྱུ་རེད། ཐེ་ཝན་གྱི་ཛ་དྲག་ནི་ཉི་ཧོང་གི་ཛ་དྲག་ཅིག་ཡིན་པས་ཛ་དྲག་དེ་ཨ་རིའི་ཛ་དྲག་ཅིག་ཀྱང་རེད་ཅེས་བཀྲལ། ད་དུང་༢༠༢༣་ལོར་ཉི་ཧོང་གི་སྲིད་བློན་ཟུར་པ་ཏ་རོ་ཨ་སོས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་ཉི་ཧོང་དང་རྒྱ་ནག་གི་དམག་འཁྲུག་ཅིག་ཏུ་གྱུར་ན་ཉི་ཧོང་གི་ས་ཐོག་ཏུ་ཨ་རིའི་དམག་མི་༥༦༠༠༠་ཡོད་པ་དེར་ཨ་མི་རི་ཀས་སྲུང་སྐྱོབ་མ་བྱས་ཐབས་མེད་དུ་འགྱུར་རྒྱུ་རེད་ཅེས་བཤད་པའི་སྐད་ཆ་རྣམས་ལུང་དྲངས།།

ཉི་ཧོང་གི་སྲིད་བློན་ཟུར་པ་ཏ་རོ་ཨ་སོས་
ཉི་ཧོང་གི་སྲིད་བློན་ཟུར་པ་ཏ་རོ་ཨ་སོས་

ཉམས་ཞིབ་པ་ཀ་ནིང་ཧམ་གྱིས་ཕྱོགས་བསྒྲིགས་བྱས་པའི་སྙན་ཐོ་དེར་པེ་ཅིང་གི་དམར་ཤོག་འགོ་ཁྲིད་ཚོས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་རི་དང་ཉི་ཧོང་གཉིས་ཀར་ཁ་གཏད་གཅོག་དགོས་པ་ཤེས་ཀྱི་ཡོད་པ་རེད། དེས་ན་རྒྱ་ནག་གིས་སྔོན་ལ་ཨ་རི་དང་ཉི་ཧོང་ལ་རྒོལ་རྡུང་བྱས་ནས་ཐེ་ཝན་ལ་སྲུང་སྐྱོབ་བྱེད་མི་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུའི་ཉེན་ཁ་མེད་པ་མིན། རྒྱ་ནག་གིས་ཐེ་ཝན་བླངས་པའི་རྗེས་སུ་ཨ་རིའི་དཔལ་འབྱོར་དང་ཚོང་ལས་ལ་དོ་ཕོག་ཆེན་པོ་ཐེབས་རྒྱུ་ལྡོག་ཏུ་མེད། ༢༠༢༣་ལོའི་ཕྱི་ཟླ་༥་པའི་ནང་ཨ་རིའི་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་ཨབ་རིལ་ཧེ་ནེ་སིས་གྲོས་ཚོགས་གོང་མའི་དམག་དོན་ཚོགས་ཆུང་ལ་ཐེ་ཝན་རྒྱ་ནག་གི་མངའ་འོག་ཏུ་བསྡུས་ན་ལོ་རེར་འཛམ་གླིང་གི་དཔལ་འབྱོར་ལ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་རེ་གྱོང་གུད་འཕོག་ས་རེད་ཅེས་སྙན་སེང་ཞུས། བྷུ་ལུམ་བྷག་གསར་ཁང་གི་དཔལ་འབྱོར་ཉམས་ཞིབ་པ་ཚོས་ཐེ་ཝན་གྱི་དམག་འཁྲུག་དེར་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༡༠་འགྲོ་གྲོན་གཏོང་དགོས་པ་སྟེ། དེ་ནི་འཛམ་གླིང་གི་སྤྱི་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༡༠་རེད་ཅེས་རྩིས་བརྒྱབ་པ་རྣམས་འཁོད།།

༢༠༢༣་ལོའི་ཕྱི་ཟླ་༥་པའི་ནང་ཨ་རིའི་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་ཨབ་རིལ་ཧེ་ནེ་སིས་
༢༠༢༣་ལོའི་ཕྱི་ཟླ་༥་པའི་ནང་ཨ་རིའི་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་ཨབ་རིལ་ཧེ་ནེ་སིས་

ཤུལ་བཞག་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཚོས་ཐེ་ཝན་གྱི་ཉིང་ཆས་རྣམས་མེད་པར་དཔལ་འབྱོར་གྱི་ལས་རིགས་མཐའ་དག་སྒྲུབ་མི་ཐུབ། ཨ་རིའི་དཔལ་འབྱོར་ལ་བར་ཆད་བྱུང་སྟེ་བརྡབ་གསིག་ཐེབས། དེ་ནི་འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་ཁྱབ་སྟེ་དངོས་ཟོག་ཆད་པ་དང་དངོས་ཟོག་ཆད་པའི་དུས་ཡུན་ལས་ཀྱང་ཚབས་ཆེན་ཞིག་ཏུ་འགྱུར་ཤས་ཆེ། ཀུ་ཤུ་ཁ་པར་གྱི་ལྷུ་ལག་གཅིག་པུར་བསམ་བློ་བཏང་ན་ཨ་མི་རི་ཀའི་ཚོང་ལས་རྣམས་ཐེ་ཝན་ལ་ཅི་ཙམ་བརྟེན་ཡོད་པ་ཤེས་རྟོགས་ཐུབ། ཀུ་ཤུ་ཁ་པར་རེར་ལྷུ་ལག་༡༥༠༠་འདུག ལྷུ་ལག་དེ་དག་གི་མང་ཆེ་བ་ཐེ་ཝན་དུ་བཟོ་སྐྲུན་བྱས་པའམ། ཡང་ན་ཐེ་ཝན་པ་ཚོས་ཕྱི་རྒྱལ་དུ་བཙུགས་པའི་བཟོ་གྲྭ་ཁག་ཏུ་བཟོ་སྐྲུན་བྱེད་ཀྱི་འདུག ཨ་མི་རི་ཀས་ངེས་པར་དུ་ཐེ་ཝན་གྱི་མིག་སྔའི་གནས་བབ་སྲུང་སྐྱོབ་བྱ་དགོས། ཐེ་ཝན་རང་བཙན་རྒྱལ་ཁབ་ཅིག་ཏུ་མ་གྱུར་ཀྱང་རང་དབང་ཡོད་པ། ཐེ་ཝན་མི་དམངས་བརྒྱ་ཆ་༩༠་ལྷག་གི་མངོན་འདོད་ནི་རྒྱ་ནག་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཚུད་འདོད་མེད་པ་དེ་རེད་ཅེས་སྙན་ཐོའི་ནང་དུ་བཀོད་འདུག

གླེང་སྟེགས།

XS
SM
MD
LG