Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

ཨ་རིས་རྒྱལ་ཚོཊ་ལ་གྷ་ཟའི་མེ་འཕེན་མཚམས་འཇོག་གི་གྲོས་ཆོད་ཟིན་བྲིས་ཕུལ།


ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལིན་ཌ་ཐོ་མ་སི། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལེན་ཁེན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནེ་གྷོ་ཊི་རེ་སི།
ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལིན་ཌ་ཐོ་མ་སི། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལེན་ཁེན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནེ་གྷོ་ཊི་རེ་སི།

༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལེན་ཁེན་གྱིས་ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་ལ་གྷ་ཟའི་མེ་འཕེན་མཚམས་འཇོག་དང་ཧ་མ་སི་ཤོག་ཁག་གིས་མི་གཏའ་བཙན་ཉར་བྱས་ཡོད་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་གྲོས་ཆོད་ཟིན་ཞིག་ཕུལ་ཡོད་ཟེར། ཕྱི་ཟླ་༣་པའི་ཚེས་༢༡་ཉིན་ཨོག་སི་ཡོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་སི་རལ་དང་ཧ་མ་སི་ཤོག་ཁག་ལ་མེ་འཕེན་མཚམས་འཇོག་དང་མི་གཏའ་བཙན་ཉར་བྱས་ཡོད་པ་རྣམས་གློད་གྲོལ་གཏོང་དགོས་པའི་གནོན་ཤུགས་ཐེབས་ཀྱི་ཡོད་པའི་རྣམ་པ་ཞིག་མངོན། ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་ཚོས་ཨི་སི་རལ་ལ་གློ་བུར་དུ་འཇབ་རྒོལ་བྱས་ནས་དམག་འཁྲུག་བསླངས། ཨི་སི་རལ་གྱིས་ཧ་མ་སི་ཤོག་ཁག་ལ་རྒོལ་ལན་བསློགས་ནས་གྷ་ཟ་ཐང་གཤོངས་སུ་དམག་དྲངས། ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གི་སྐུ་ཚབ་ཚོས་མི་གཏའ་བཙན་ཉར་གློད་གྲོལ་དང་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གྲོས་མོལ་གཟབ་ནན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སོ་ཌི་ཨ་རེ་བྷི་ཡའི་རྒྱལ་ས་ཇཱེ་དྷ་གྲོང་ཁྱེར་དུ་ཨལ་ཧ་དཱ་ཐ་གསར་ཁང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེར་བཅར་འདྲི་ཞུས། ཁོང་གིས་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གི་ལངས་ཕྱོགས་མི་མཐུན་པའི་ཁྱད་པར་ཆུང་དུ་འགྲོ་བཞིན་ཡོད་པ་དང་གྲོས་མཐུན་ཞིག་འཇོག་ཐུབ་པའི་རེ་བ་ཆེ་རུ་འགྲོ་བཞིན་འདུག བྷ་ཌན་གྱི་གཞུང་འཛིན་ལྷན་ཁང་གིས་ཧ་མ་སི་ཤོག་ཁག་ལ་མི་གཏའ་བཙན་ཉར་བྱས་ཡོད་པ་རྣམས་གློད་གྲོལ་དང་ཨི་སི་རལ་ལ་མེ་འཕེན་མཚམས་འཇོག་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད། མི་ཁག་ཅིག་གིས་ཨ་མི་རི་ཀས་ཨི་སི་རལ་ལ་དཔལ་འབྱོར་དང་མཚོན་ཆ་རོགས་རམ། མཉམ་འབྲེལ་རྒྱལ་ཚོགས་སུ་ཨི་སི་རལ་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་བཞག་ཀྱང་ཨ་མི་རི་ཀས་ཆོད་ལོག་གཏོང་གི་ཡོད་པ་རེད། ཨ་རིའི་གཞུང་གིས་ཨི་སི་རལ་ལ་གནོན་ཤུགས་ཇི་ལྟར་སྤྲོད་རྒྱུ་རེད་ཅེས་འདྲི་སྲིད། ང་ཚོས་རྒྱལ་ཚོགས་ལ་ཕུལ་བའི་གྲོས་ཆོད་ཟིན་བྲིས་ནང་དུ་མེ་འཕེན་མཚམས་འཇོག་དང་མི་གཏའ་བཙན་ཉར་གློད་གྲོལ་གཏོང་དགོས་ཞེས་བཀོད་ཡོད། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་གྲོས་ཆོད་ཟིན་བྲིས་དེར་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་ཅེས་བཀྲལ།།

གྷ་ཟའི་ཁུལ་གྱི་ས་མཚམས་སུ་དམག་སྒར་ཞིག
གྷ་ཟའི་ཁུལ་གྱི་ས་མཚམས་སུ་དམག་སྒར་ཞིག

ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གི་དམག་འཁྲུག་ལངས་པའི་རྗེས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དཀྱིལ་ཤར་ས་ཁུལ་དུ་ཐེངས་༦་ཕེབས་ཏེ་ཞི་བདེ་བསྐྲུན་ཐབས་སུ་འབད། ཁ་སང་གཟའ་ལྷག་པའི་ཉིན་ཕྱི་སྲིད་དྲུང་ཆེ་སོ་ཌི་ཨ་རེ་བྷི་ཡ་དང་དེ་རིང་གཟའ་ཕུར་བུའི་ཉིན་ཨི་ཇེབ། སང་ཉིན་གཟའ་པ་སངས་ཉིན་ཨི་སི་རལ་ལ་ཕེབས་ཀྱི་ཡོད་ཅིང་། ཁོང་གིས་སོ་ཌི་ཨ་རེ་བྷི་ཡའི་གསར་ཁང་དེར་བར་འདུམ་པ་ཚོས་ཨི་སི་རལ་གྱི་དགོས་འདུན་འདུས་པའི་གྲོས་གཞི་ཁྱེར་ཤོག་ཅེས་བཤད་པ་ཡིན། ཧ་མ་སི་ཤོག་ཁག་གིས་གྲོས་གཞི་དེར་མོས་མཐུན་མ་བྱས་པར་དགོས་འདུན་གཞན་པ་བཏོན་སོང་། ང་ཚོ་བར་འདུམ་པ་ཚོས་དགོས་འདུན་དེ་རྣམས་སྒྲུབ་ཐུབ་མིན་ལྟ་བཞིན་ཡོད་ཅེས་བསྟན། ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་ཚོས་ཨི་སི་རལ་གྱི་མི་༡༢༠༠་བསད་པ་དང་མི་༢༥༠་བཙན་གྱིས་ཁྲིད། ད་དུང་ཡང་མི་༡༠༠་ཡས་མས་ཤིག་བཙན་ཉར་བྱས་ཡོད་པ་དང་མི་༣༠་ཐམ་པའི་ཕུང་པོ་རྩིས་སྤྲོད་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༢༡་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨི་སི་རལ་གྱིས་གྷ་ཟ་ཐང་གཤོངས་ལ་རྒོལ་རྡུང་བྱས་ནས་སྐྱོབ་གསོ་སྐྱེལ་འདྲེན་བཀག པ་ལི་སི་ཐན་བ་རྣམས་བཀྲེས་ལྟོགས་དང་ནད་ཡམས་ཀྱིས་ཤི། གྷ་ཟ་ཐང་གཤོངས་ལ་མུ་གེ་ཆེན་པོ་ཞིག་འབྱུང་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། རྒྱལ་སྤྱིའི་ཟ་འབྲུ་དགོས་མཁོ་དབྱེ་གསེས་ཁང་གིས་གྷ་ཟའི་མི་དམངས་ལ་བཟའ་བཏུང་མེད་པའི་དཀའ་ངལ་འདི་འདྲ་ཞིག་ཕྲད་མྱོང་མི་འདུག མི་གྲངས་༦༧༧༠༠༠་སྟེ། གྷ་ཟའི་མི་འབོར་བརྒྱ་ཆ་༣༢་ལ་བཟའ་བཏུང་མེད་པའི་དཀའ་ངལ་ཚབས་ཆེན་འཕྲད་ཀྱི་ཡོད་པ་དང་མི་འབོར་བརྒྱ་ཆ་༤༡་ཛ་དྲག་གི་གནས་སུ་ལྷུང་འདུག དེང་སྐབས་གྷ་ཟ་ཐང་གཤོངས་སུ་མི་འབོར་ས་ཡ་༡་ལྷག་ལུས་ཡོད་པ་དེའི་ཕྱེད་ཀ་ཙམ་གྱིས་མུ་གེའི་དཀའ་སྡུག་མྱོང་གི་འདུག་ཅེས་སྙན་ཐོ་བཏོན། དེ་བཞིན་ཨ་རིའི་མུ་གེ་སྔོན་འགོག་ཁང་གིས་འདས་པའི་ལོ་༤༠་ལྷག་གི་རིང་བྱུང་མྱོང་མེད་པའི་མུ་གེ་ཞིག་གྷ་ཟར་འབྱུང་གི་འདུག་ཅེས་སྙན་ཐོ་བཏོན།།

གྷ་ཟ་ཐང་གཤོངས་སུ་བཀྲེས་ལྟོགས་དང་ནད་ཡམས་ཀྱིས་འཆི་སྐྱོན་འབྱུང་གི་ཡོད་པའི་མང་ཆེ་བ་ནི་བྱིས་པ་དང་རྒན་རྒོན་ཡིན་ཞིང་། ཉིན་ལྟར་བྱིས་པ་༢༠༠་ཡས་མས་རེ་དང་ཟླ་བ་རེར་བྱིས་པ་༦༠༠༠་ཡས་མས་རེར་འཆི་སྐྱོན་ཕོག རྒྱལ་སྤྱིའི་ཟ་འབྲུ་དགོས་མཁོ་དབྱེ་གསེས་ཁང་གིས་༢༠༡༡་ཨ་ཧྥི་རི་ཀའི་རྒྱལ་ཁབ་སོ་མ་ལི་ཡར་དམག་འཁྲུག་དང་ཐན་པ། ཟ་འབྲུ་རོགས་སྐྱོར་ཆད་ནས་མུ་གེ་ཆེན་པོ་ཞིག་བྱུང་བ་རེད། ༢༠༡༧་ལོར་ལྷོ་སུ་དྷན་ལ་ནང་འཁྲུག་ལངས་ནས་རྒྱལ་ཁབ་དེའི་མི་གྲངས་ས་ཡ་༡༠་ལ་ཟ་འབྲུ་མེད་པར་གྱུར། གྷ་ཟ་ཐང་གཤོངས་ལ་མི་འབོར་ས་ཡ་༢་དང་འབུམ་༢་ལས་མེད་པས་མུ་གེ་དེ་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པ་ཞིག་མིན་མོད། འོན་ཀྱང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ས་གནས་ཤིག་ལ་བྱུང་མྱོང་མེད་པའི་མུ་གེ་ཞིག་གྷ་ཟར་འབྱུང་ས་རེད། ང་ཚོས་བྱིས་པ་རྣམས་རིད་པ་དང་མིག་ཟུང་ཀོང་དུ་ལྷུང་། སྐྱི་ལྤགས་སྐམ་ནས་རུས་པར་ཐུག བྱིས་པ་ཁག་ཅིག་ལ་ཟས་བཅུད་མ་འདང་བར་གྲོད་པ་སྐྲངས་ནས་ཤི་བ་སོགས་མཐོང་ས་རེད་ཅེས་ཉེན་བརྡ་བཏང་འདུག

ཨི་སི་རལ་གྱིས་འཕུར་མདེལ་འཕངས་ནས་གྷ་ཟའི་སྨན་ཁང་ཡོད་ཚད་གཏོར་བཤིག་བཏང་སྟེ་སྨན་བཅོས་བྱ་ཡུལ་མེད།
ཨི་སི་རལ་གྱིས་འཕུར་མདེལ་འཕངས་ནས་གྷ་ཟའི་སྨན་ཁང་ཡོད་ཚད་གཏོར་བཤིག་བཏང་སྟེ་སྨན་བཅོས་བྱ་ཡུལ་མེད།

ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་རྣམས་སྨན་ཁང་ཁག་གི་ནང་དུ་སྐུང་། ཨི་སི་རལ་གྱིས་འཕུར་མདེལ་འཕངས་ནས་གྷ་ཟའི་སྨན་ཁང་ཡོད་ཚད་གཏོར་བཤིག་བཏང་སྟེ་སྨན་བཅོས་བྱ་ཡུལ་མེད། གལ་ཏེ་མེ་འཕེན་མཚམས་འཕྲལ་དུ་བྱས་པ་དང་སྐྱོབ་གསོ་སྐྱེལ་འདྲེན་གྱི་རླངས་འཁོར་རྣམས་ཡོང་དུ་བཅུག་ཀྱང་དུས་ཡུན་གང་འཚམ་ཞིག་ལ་མུ་གེ་བྱུང་སྟེ་མི་ལ་འཆི་སྐྱོན་འཕོག་གི་ཡོད་པ་མཚམས་མི་ཆད། བཀྲེས་ལྟོགས་ཀྱིས་ཤི་བའི་མི་གྲངས་ཉུང་དུ་ཕྱིན་ཀྱང་མུ་གེའི་འཇིགས་སྣང་གི་བག་ཆགས་ཇི་ལྟར་ཡལ། བྱིས་པ་ཚོ་ལོ་མང་རིང་མུ་གུའི་འཇིགས་པ་མྱངས་པའི་སེམས་ཁམས་ཀྱི་གནོད་འཚེའི་འོག་ནས་མི་ཐར། ཆུང་དུས་ཟས་བཅུད་མ་རག་པ་དང་བཀྲེས་ལྟོགས་མྱངས་པའི་བྱིས་པ་ཚོ་འཚར་ལོངས་བྱུང་ཡང་ལུས་བོངས་ཐུང་བ་དང་དབང་རྟུལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བཀྲེས་ལྟོགས་མྱངས་པའི་བྱིས་པ་ཚོ་འཚར་ལོངས་བྱུང་སྟེ་ཕ་མར་གྱུར་ཀྱང་དེ་དག་ལ་ཕྲུ་གུ་གཟུགས་པོ་ཐང་པོ་དང་ལུས་སྟོབས་ཅན་རྣམས་སྐྱེ་ཐུབ་རྒྱུ་ཁག་པོ་རེད་ཅེས་འགྲེལ་བཤད་བརྒྱབ།།

༡༩༤༤་ལོའི་དགུན་ཁར་ནེ་དྷར་ལན་ཌིར་མུ་གེ་བྱུང་བའི་ཤུགས་རྐྱེན་ངན་པ་མི་རབས་མང་པོར་ཐེབས། བཀྲེས་ལྟོགས་ཀྱིས་སྤྱི་ཚོགས་ལ་བརྡབ་གསིག་དང་སྤྱི་ཚོགས་ཁ་གཏོར་དུ་བཏང་སྟེ་མིའི་འཚོ་བ་རྨེག་མེད་དུ་བཅོམ། བཀྲེས་ལྟོགས་མྱོང་ན་འགྲོ་བ་མིས་རང་གི་ཆེ་མཐོང་བརྗེད། སྤྱི་ཚོགས་ཀྱི་ལུགས་སྲོལ་ཁག་ལ་བརྩི་མེད་བཏང་སྟེ་བཟའ་བཏུང་ཞིག་ཇི་ལྟར་ཐོབ་ཀྱང་འཛེམ་ཟོན་མེད་པར་རག་ཐབས་བྱ་རྒྱུ་ཆོས་ཉིད་ཡིན། ཨ་མ་ཚོས་རང་གི་བུ་ཕྲུག་ལ་བཟའ་བཏུང་ཞིག་འགྱེད་པར་ཅི་ཡང་སྒྲུབ་སྲིད། བཀྲེས་ལྟོགས་ཀྱིས་མནར་བ་ཚོས་ཁྱིམ་མཚེས་ཤིག་ལྟོ་སློང་དུ་ལྷགས་ཀྱང་ལག་སྟོང་དུ་བསློགས། མི་རྣམས་ངོ་ཚ་ཁྲེལ་གཞུང་མེད་པར་འགྱུར་རྒྱུ་དང་ལྟོ་ཐེབས་གཅིག་གི་དོན་དུ་ཁྱིམ་ཚང་གི་གཅེས་ནོར་བཙོངས། མུ་གེའི་འོག་ནས་ཐར་པའི་མི་ཚོས་ཚེ་གང་པོར་བཀྲེས་ལྟོགས་ཀྱི་འཇིགས་སྣང་མྱོང་། མུ་གེ་བྱུང་ནས་ཕྲུ་གུ་ཤི་བའི་ཕ་མ་ཚོར་སེམས་གསོ་ཇི་ལྟར་བྱ་དགོས་སམ་ཞེས་འགྲོ་བ་མིའི་མྱོར་ཚོར་ལ་སྦྱར་བའི་གསར་འགྱུར་སྤེལ་འདུག

ཕྱི་ཟླ་༣་པའི་ཚེས་༢༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གྷ་ཟའི་འཕྲོད་བསྟེན་ལྷན་ཁང་གིས་པ་ལི་སི་ཐན་བ་༣༢༠༠་ཙམ་ལ་སྲོག་སྐྱོན་དང་མི་༧༤༡༨༨་ལ་རྨས་སྐྱོན་ཕོག་སོང་། འདས་པའི་ཉིན་ཞག་གཅིག་གི་རིང་མི་༦༥་བསད་པའི་ཕུང་པོ་དང་རྨས་མ་༩༢་སྨན་ཁང་དུ་བསྐྱལ་བྱུང་། བསད་རྨས་བྱུང་བ་གསུམ་ཆའི་གཉིས་བུད་མེད་དང་བྱིས་པ་རེད་ཅེས་གཞི་གྲངས་ཤིག་བཏོན། ཨི་སི་རལ་གྱིས་ཧ་མ་ཤི་ཤོག་ཁག་གི་དྲག་སྐྱོད་པ་༡༣༠༠༠་ལྷག་བསད་པ་ཡིན་ཞེས་བསྒྲགས། སྲིད་བློན་ནེ་ཐན་ཡ་ཧུས་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོར་གྷ་ཟའི་ཧ་མ་སི་ཤོག་ཁག་གི་འཇིགས་སྐུལ་རིང་ལུགས་པ་རྣམས་རྩ་མེད་གཏོང་བའི་དམག་འཁྲུག་མཚམས་འཇོག་བྱ་རྒྱུ་མིན། ཨི་སི་རལ་གྱི་བདེ་འཇགས་དོན་དུ་ཅི་ཞིག་བསྒྲུབས་དགོས་ཀྱང་བསྒྲུབ་རྒྱུ་ཡིན་ཞེས་མེ་འཕེན་མཚམས་འཇོག་བྱ་རྒྱུ་མིན་པའི་ལན་འདེབས་བྱས་འདུག ཨ་རི་དང་སོ་ཌི་ཨ་རེ་བྷི་ཡ། ཨི་ཇེབ་དང་ཁ་ཊར་སོགས་ཀྱིས་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གི་དམག་འཁྲུག་མཚམས་བྱེད་དུ་འཇུག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG