Svoboda | Graniru | BBC Russia | Golosameriki | Facebook

ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

ཤར་པ་དབང་ཕྱུག་རྗེས་དྲན་སྨན་ཁང་སྒོ་འབྱེད་བྱ་འཆར།


Wongchhu Sherpa Memorial Hospital
Wongchhu Sherpa Memorial Hospital

༄༅།། ད་ལོའི་ཕྱི་ཟླ་༡༠་པར་བལ་ཡུལ་གྱི་མཐའ་མཚམས་སུ་ཆགས་པའི་ཤར་ཁུམ་བུ་རྫོང་གི་གྲོང་གསེབ་ཅིག་ཏུ་ཤར་པ་དབང་ཕྱུག་འདས་པོའི་རྗེས་དྲན་སྨན་ཁང་སྒོ་འབྱེད་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདུག

༄༅།། ད་ལོའི་ཕྱི་ཟླ་༡༠་པར་བལ་ཡུལ་གྱི་མཐའ་མཚམས་སུ་ཆགས་པའི་ཤར་ཁུམ་བུ་རྫོང་གི་གྲོང་གསེབ་ཅིག་ཏུ་ཤར་པ་དབང་ཕྱུག་འདས་པོའི་རྗེས་དྲན་སྨན་ཁང་སྒོ་འབྱེད་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདུག ཕྱི་ཟླ་༨་པའི་ཚེས་༡༣་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡ་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ཧི་མ་ལ་ཡའི་ཡོག་ཕུ་ཐེབས་རྩ་ཁང་གི་འགན་འཛིན་ཤར་པ་ལྷག་པར་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀ་དང་བལ་ཡུལ་སོགས་ཀྱི་སྒྲིག་འཛུགས་ཁག་གིས་རོགས་དངུལ་འདུ་འགོད་བྱས་ནས་ཤར་པ་དབང་ཕྱུག་དམ་པ་དེའི་རྗེས་དྲན་སྔོན་འགྲོའི་སྨན་ཁང་༢༠༢༢་ལོའི་ཕྱི་ཟླ་༡༠་པའི་ཚེས་༡༢་ཉིན་སྒོ་འབྱེད་བྱ་འཆར་ཡོད་ཅེས་འགྲེལ་བརྗོད་བྱས་འདུག སྨན་ཁང་དེ་ཤར་པ་དབང་ཕྱུག་འཚོ་གནས་སྐབས་སུ་རང་ཡུལ་གྱི་མི་མང་གི་ཆེད་དུ་འཛུགས་སྐྲུན་བྱེད་འདོད་ཡོད་པའི་ཡུན་རིང་གི་ཕུགས་བསམ་ཞིག་ཡིན་རུང་ཕུགས་བསམ་དེ་མ་གྲུབ་གོང་དུ་དོ་བདག་འདས་གྲོངས་སུ་གྱུར། ད་ལྟ་དམ་པ་དེའི་བུ་མོ་ཤར་པ་ལྷག་པས་ཨ་ཕའི་བསམ་དོན་རྣམས་མངོན་དུ་འགྱུར་བར་ལས་དོན་འཕྲོ་སྐྱོང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སྨན་ཁང་དེར་ཨ་རི་དང་བལ་ཡུལ་སོགས་ཀྱི་རོགས་སྐྱོར་ཚོགས་པ་ཁག དེ་བཞིན་ཨ་རིའི་རི་སྐྱེས་སྨན་བཅོས་ཚོགས་པ། མུ་ས་མ་ས་ལ་དང་ཇོ་མོ་གླང་མའི་ཡང་རྩེ་ཚོགས་བདུན་བཅས་ཚོགས་པ་མང་དག་ཅིག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། སྨན་ཁང་དེར་ནད་པ་༡༥་ཉལ་ས་ཡོད་པ་ཞིག་འཛུགས་སྐྲུན་བྱས་ནས་ས་གནས་དེའི་མི་དམངས་ལ་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད་པ་ཞིག་ཏུ་འགྱུར་རྒྱུ་ཡིན་འདུག ཇོ་མོ་གླང་མའི་ཡང་རྩེ་ཚོགས་བདུན་གྱི་ཐེབས་རྩ་ཚོགས་པས་བལ་སྒོར་ས་ཡ་༤་འགྲོ་གྲོན་བཏང་ནས་བུ་བཙའི་སྨན་ཁང་ཞིག་ཀྱང་འཛུགས་སྐྲུན་བྱ་རྒྱུར་རོགས་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། ཤར་ཁུམ་བུ་ནི་བལ་ཡུལ་གྱི་རྒྱལ་ས་དང་གྲོང་ཁྱེར་ཁག་ལ་རྒྱང་ཐག་རིང་བས་ས་གནས་སུ་སྨན་ཁང་ཞིག་དགོས་ངེས་སུ་གྱུར། ད་སྔ་སྨན་ཁང་དེ་ཤར་ཁུམ་བུ་རྫོང་གི་གྲོང་རྡལ་གཞུང་དང་སྒེར་པ་ཚོ་མཉམ་འབྲེལ་གྱིས་འཛིན་སྐྱོང་གི་འགན་ཁུར་གྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༡༠་པའི་སྨན་ཁང་སྒོ་འབྱེད་ཀྱི་མཛད་སྒོར་བལ་ཡུལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་མཉམ་ཞུགས་བྱེད་ཐུབ་པའི་རེ་ལྟོས་འཆང་འདུག

ཤར་པ་དབང་ཕྱུག་དམ་པ་དེས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གཉེར་ནས་འབྱོར་ལྡན་དུ་གྱུར། འཛམ་གླིང་སྨན་བཅོས་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། ཤར་པ་དབང་ཕྱུག་གིས་སྨན་ཁང་འཛུགས་སྐྲུན་མ་བྱས་གོང་དེར་ཤར་ཁུམ་བུའི་ཁུལ་དུ་རྒྱ་ལམ་འཛུགས་སྐྲུན་དང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན། མི་དམངས་ལ་འཐུང་ཆུ་འདྲེན་གཏོང་དང་སློབ་གྲྭ་གསར་འཛུགས་བཅས་ཀྱི་ལས་དོན་ཁག་ལ་ཤུགས་སྣོན་བརྒྱབ་ནས་གྲུབ་འབྲས་ཐོན། ཡིན་ནའང་ཧ་ཅང་ཕངས་པ་ཞིག་ལ་༢༠༡༥་ལོའི་ཕྱི་ཟླ་༡༢་པའི་ཚེས་༣༠་ཉིན་ཤར་པ་དབང་ཕྱུག་འདས་གྲོངས་སུ་གྱུར། ཁོང་གི་ཁ་ཆེམས་ནི་བྱང་པ་གྲོང་གསེབ་དང་ཤར་ཁུམ་བུའི་སྨད་ཕྱོགས་བཅས་སུ་ཡུལ་མི་མང་༣༠༠༠༠་ཡས་མས་ཤིག་ཡོད་པ་དེ་དག་གི་ཆེད་དུ་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་ཞིག་བསྐྲུན་ཐུབ་རྒྱུའི་མངོན་འདོད་བཅངས། དེར་བརྟེན་ཁོང་གི་བཟའ་མི་ཚོ་དང་གྲོགས་པོ། བལ་ཡུལ་ཕྱི་ནང་གཉིས་ཀྱི་རོགས་ཚོགས་ཁག་གི་རྒྱབ་སྐྱོར་འོག་གཤིན་པོའི་ཕུགས་བསམ་མངོན་དུ་གྱུར་ཏེ་སྨན་ཁང་འཛུགས་སྐྲུན་བྱེད་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG